ཉི་ཧོང་བའི་རྒྱབ་སྐྱོར།

ངྷ་ས། དུས་བབ། ༢༠༠༨།༠༨།༠༦།

ཉི་ཧོང་ནང་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ནས་ཧ་ཅང་ཞན་པ་དང༌། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ལ་ཤུགས་སྣོན་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བཙན་དབང་བྱེད་བཞིན་པའི་རྒྱལ་ཁབ་དང་མི་སྒེར་སུ་ཡིན་རུང་ང་ཚོས་དོ་སྣང་བྱེད་བཞིན་ཡོད། ད་ལྟ་ཉི་ཧོང་ནང་བོད་མིའི་རང་དབང་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང༌། སྔོན་མ་ལས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་གིན་འདུག་ཅེས་ཉི་ཧོང་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཙི་བ་ར་ཇིན་གྱིས་གསུངས་སོང༌།

ཕྱི་ཚེས་ ༦ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༡ སྟེང༌། བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང༌། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཙི་བ་ར་ཇིན་མཆོག བོད་གཞུང་ཉི་ཧོང་སྐུ་ཚབ་དོན་གཅོད་ཟུར་པ་པདྨ་རྒྱལ་བོ་སོགས་ཕེབས་ཏེ་བོད་དོན་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ལ། ཉིན་དེར་སྐུ་ཞབས་མ་ཙི་བ་ར་ཇིན་གྱིས། ཁོང་ཉིད་ཐེངས་འདིར་རྒྱ་གར་ནང་ཡོང་དོན་གཙོ་བོ་ཉི་ཧོང་དང་རྒྱ་གར་རྒྱལ་ཁབ་གཉིས་བར་གྱི་རིག་གཞུང་དང་ཚོང་འབྲེལ་ཡར་རྒྱས་གཏོང་ཆེད་དང༌། བོད་ཀྱི་རང་དབང་འཐབ་རྩོད་ཐད་རྒྱབ་སྐྱོར་གནང་ཆེད་ཡིན། ཉི་ཧོང་ནང་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ནས་ཧ་ཅང་ཞན་པ་དང༌། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ལ་ཤུགས་སྣོན་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་ལ་བཙན་དབང་བྱེད་བཞིན་པའི་རྒྱལ་ཁབ་དང་མི་སྒེར་སུ་ཡིན་རུང་ང་ཚོས་དོ་སྣང་བྱེད་བཞིན་ཡོད། ད་ལྟ་ཉི་ཧོང་ནང་བོད་མིའི་རང་དབང་ཚོགས་ཆུང་ཞིག་བཙུགས་ཡོད་པ་དང༌། སྔོན་མ་ལས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་གིན་འདུག

 ཁ་སང་ང་ཚོ་རྒྱལ་གར་རྒྱལ་ས་ལྡི་ལི་རུ་ཟས་བཅད་ངོ་རྒོལ་བ་དག་དང་ཐུག་འཕྲད་བྱུང༌། ཁོང་ཚོས་རང་སྲོག་བློས་གཏོང་གིས་འཐབ་རྩོད་བྱེད་བཞིན་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་འཐབ་རྩོད་ཞིག་ཡིན་པས། ང་རང་ཉིད་ངོས་ནས་ཧ་ཅང་གལ་ཆེན་དུ་མཐོང་སོང་ལ་རྒྱབ་སྐྱོར་ཡོད། ང་རང་གི་ངོས་ནས་གང་ཐུབ་ཀྱིས་འཐབ་རྩོད་བྱ་ངེས་ཡིན་ཞེས་དང༌། ཐེངས་འདིར་རྒྱ་གར་ནང་སླེབས་ཏེ་ཚོར་བ་གསར་བ་ཞིག་སླེབས་སོང༌། དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་གཉིས་མཉམ་གནས་བྱེད་དགོས་པ་དེ་རེད། འགྲོ་བ་མིའི་ཐོབ་ཐང་གལ་ཆེན་རེད་ལ་དེ་དང་ཆབས་ཅིག་ཁོར་ཡུག་དེའང་ཧ་ཅང་གལ་ཆེན་པོ་རེད། ༧གོང་ས་མཆོག་གིས་འཛམ་གླིང་གང་སར་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང༌། ད་དུང་ཁོར་ཡུག་སྐོར་ལ་བཀའ་སློབ་མང་པོ་གསུངས་ཡོད་ནའང༌། རྒྱ་ནག་སོགས་རྒྱལ་ཁབ་མང་པོ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཕྱོགས་ལ་གང་འདོད་བྱེད་ཀྱིན་འདུག ང་རང་གིས་བསམ་ན་དེ་གཉིས་འབྲེལ་བ་ཆེན་པོ་འདུག་ཅེས་བརྗོད་བྱུང་ལ། གཞན། གནས་འདི་རུ་གཞན་དང་མི་འདྲ་བའི་ཡ་རབས་སྤྱོད་བཟང་གི་གཤིས་ཀ་ཞིག་འདུག་ལ། ང་རང་ཡུན་རིང་འདུག་འདོད་ཀྱི་བསམ་པ་ཞིག་སྐྱེས་བྱུང་ཞེས་བརྗོད་བྱུང༌།

བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མས། ཁོང་ཚོ་བོད་བསྟན་སྲིད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཆེད་ཛ་དྲག་གི་དུས་སྐབས་འདིར་ཕེབས་པར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང༌། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ནས་ཉི་ཧོང་སྲིད་འཛིན་མཆོག་ལ་ཞུ་ཡིག་ཅིག་ཕུལ་འཆར་ཡོད་ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply