རྒྱལ་ཚོགས་ཀྱིས་པན་ཆེན་དང་བཙོན་པ་ཚོ་འཚོལ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་གིས་རྒྱ་ནག་ལ་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་གསུམ་བཅུའི་དུས་དྲན་རྗེས་ནས་བཟུང་བའི་བོད་མི་ཚོ་གང་དུ་ཡོད་མེད་སོགས་འདྲི་བརྩད་བྱས་ཡོད་པ་རེད།

ཇེ་ནི་ཝའི་བོད་ཁང་གི་བསྟན་འཛིན་བསམ་འཕེལ་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་དབང་རྟོག་ཞིབ་པ། མནར་གཅོད་ལ་རྒོལ་བའི་ཚོགས་ཆུང་གིས་རྒྱ་ནག་ལ་གསུམ་བཅུའི་དུས་དྲན་རྗེས་ཀྱོི་ངོ་རྒོལ་སྐབས་འཇུས་བའི་བོད་མི་རྣམས་ཀྱི་མིང་ཐོ་ཆ་ཚང་ཞིག་སྤྲོད་དགོས་པར་བཤད་ཡོད་པ་དང་། གནས་ཚུལ་འདིའི་ནང་དུ་བཙོན་པ་དེ་དག་དེང་སྐབས་གང་དུ་བཅུག་ཡོད་མེད། ཉེས་འགེལ་ཅི་བྱས་སོགས་ཚུད་ཡོད་པ་རེད།

རྟོག་ཞིབ་ཚོགས་ཆུང་འདིས་རྒྱ་ནག་ལ་གྱོད་དོན་འདི་དག་གི་ཐད་གསང་བའི་ཐག་གཅོད་ཅི་བྱས་ཡོད་དང་དེའི་རྒྱུ་མཚན་ཅི་ཡིན་དྲིས་པ་དང་། དེས་མི་ཚད། རྒྱ་ནག་གི་ཁྲིམས་རྩོད་པ་དག་གིས་བོད་མི་ཚོའི་ཁྲིམས་རྩོད་པ་བྱེད་རྒྱུ་ཡིན་ཚུལ་བཤད་སྐབས་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་སྟེ། གལ་སྲིད་བོད་མི་ཚོའི་ཁྲིམས་རྩོད་པ་བྱས་ཚེ་ཁོང་ཚོའི་ཆེད་ལས་ཀྱི་ཆོག་མཆན་ཡིག་ཆ་ཕྱིར་བསྡུ་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་སྟབས། ཁྲིམས་རྩོད་པ་གཞན་པ་སུ་མངགས་དང་ཁྲིམས་གཏུགས་ཀྱི་སྐབས་སུ་བོད་མི་ཚོ་ཁྲིམས་རྩོད་པར་སྒེར་ངོས་ནས་ཐུག་འཕྲད་བྱེད་དུ་བཅུག་ཡོད་མེད་གསལ་བཤད་བྱེད་རོགས་ཞེས་བཤད་ཡོད་པ་རེད།

རྟོག་ཞིབ་ཚོགས་ཆུང་དེས་རྒྱ་ནག་ལ། ཅིའི་ཕྱིར་བཀག་ཉར་བྱས་མཁན་ཞིག་ལ་ཁྲིམས་ཐག་བཅད་རྗེས་དང་ཡང་ན། ཁྲིམས་གཏུགས་ཀྱི་སྐབས་རང་དབང་གི་སྨན་པ་ལ་བསྟེན་གཏུགས་བྱེད་པའི་རང་དབང་མེད་པ་རེད་ཅེས་ཀྱང་དྲིས་འདུག

གཞན་ཡང་། བོད་མི་ ༣༠ ལ་ལོ་གསུམ་ནས་ཚེ་བཙོན་བར་གྱི་ཕྲིམས་ཐག་བཅད་ཡོད་པའི་སྐོར་གྱི་གནས་ཚུལ་འདྲི་བརྩད་དང་། གཞི་གང་ཞིག་ལ་བརྟེན་ནས་ཉེས་ཆད་བཀལ་བ་དང་གྱོད་དོན་ནང་ཉེས་པ་སྣ་ཁ་ཅི་ཙམ་བསགས་ཡོད་མེད་དྲིས་འདུག་ལ། བོད་མི་ཚོར་ཉེས་དོན་དེར་ལྡོག་གཏུགས་བྱེད་རྒྱུའི་གོ་སྐབས་སྤྲད་ཡོད་མེད་དང་། གྱོད་དོན་དེ་དག་གི་ཐད་རང་དབང་གི་བསྐྱར་ཞིབ་དང་རྟོག་ཞིབ་བྱེད་མཁན་བསྐོས་ཡོད་མེད་ཀྱང་དྲིས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚོགས་ཆུང་དེས། སྐབས་དེའི་བོད་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་དང་རྗོང་གཞན་པ་དག་ནང་གི་ངོ་རྒོལ་དང་འབྲེལ་ཏེ་མི་བསད་པའི་ཐད་རྟོག་ཞིབ་བྱས་ཡོད་མེད་དང་། མི་ག་ཚོད་བསད་ཡོད་མེད་སྐོར་ལ་སྤྱི་ཚོགས་ཁྲོད་ཕྱི་གསལ་ནང་གསལ་གྱི་ཞིབ་འཇུག་བྱས་ཡོད་མེད་ཀྱི་གནས་ཚུལ་དྲིས་ཡོད་པ་དང་། ངལ་རྩོལ་བསྒྱུར་བཀོལ་ནང་བསམ་བློའི་སློབ་གསོ་གཏོང་གི་ཡོད་སྟབས། རྒྱལ་ཚོགས་ཀྱི་ཚོགས་ཆུང་དེས་ངལ་རྩོལ་བསྒྱུར་བཀོལ་ཁང་གཞན་པ་ཁག་དང་ ༡༩༩༧ ལོར་འཇུས་པའི་མི་རྣམས་ཀྱི་སྐོར་བརྩད་གཅོད་བྱས་ཡོད་པ་རེད།

རྟོག་ཞིབ་ཚོགས་ཆུང་འདིས་ཐེངས་འདིར་པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་ཀྱི་གནས་ཚུལ་བརྩད་ཞིབ་བྱས་འདུག

༢༠༠༨ ལོའི་ཕྱི་ཟླ་ ༡༡ པའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་སྐབས་གོང་གསལ་ཚོགས་ཆུང་འདིས་རྒྱ་ནག་གི་དུས་ཚིགས་བཞི་བའི་སྙན་ཐོའི་ཐོག་བསྐྱར་ཞིབ་བྱ་རྒྱུ་ཡིན་འདུག་ལ། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་ཁག་རྡོག་རོལ་བཏང་བའི་ཐད་སྙན་ཐོ་འབུལ་རྒྱུ་ཡིན་ཚུལ་འདུག

བསྐྱར་བཅོས།: ༢༠༠༨/༠༨/༡༤

Leave a Reply