ཁ་བོད་ལ་འཁོར་ཡང་ལག་རྒྱ་ལ་ཐོགས།

ཧྥ་རན་སིའི་སྲིད་འཛིན་སྲིད་འཛིན་སར་ཁོ་རྫེས་ Nicolas Sarkozy སྲིད་འཛིན་ཕོ་བྲང་དུ་༧གོང་ས་མཆོག་དང་གཞུང་འབྲེལ་མཇལ་འཕྲད་གནང་ཤིང་། ཧྥ་རན་སིས་བོད་ཐོག་སྲིད་བྱུས་གཏན་འབེབ་སླད་ཕྱི་སྲིད་བློན་ཆེན་བྷེ་ནག་ཀོ་ཞིར་ Bernard Kouchner གྱིས་༧གོང་ས་མཆོག་ལ་ལམ་སྟོན་ཞུས་ཐོག ཕྱི་སྲིད་བློན་ཆེན་གཞོན་པའམ་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་ར་མ་ཡ་ངྷིས་ Ramayade ཀྱང་༧གོང་ས་མཆོག་ལ་མཇལ་རྗེས་རྒྱ་ནག་གིས་བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པར་སྐྱོན་བརྗོད་བྱས། ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐབས་ཧྥ་རན་སིས་འདི་ལྟར་འབྱུང་བར་བཤད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འདི་ལྟར་ཡོང་བར་རེ་བལྟོས་བྱས། རྒྱ་ནག་གིས་འདི་ལྟར་འབྱུང་བར་དོགས་ཟོན་བྱས། འོན་ཀྱང་ཐ་མ་དེར་ཧྥ་རན་སི་ཚིག་ཐོག་ནས་མ་བསྡད་ལ། བོད་རེ་བས་འཕོངས་ཐོག་རྒྱའང་དོགས་པས་ཤི དོན་དམ་པར་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་བ་ཚོས་མཇལ་འཕྲད་གནང་སའི་གྲོས་ཚོགས་ཚོམ་ཁང་ལའང་ཚོགས་གཙོས་ཆོག་མཆན་སྤྲད་མེད། མཇལ་འཕྲད་གནང་ཡུལ་ལས་ཁུངས་ཆུང་ཆུང་ཞིག་ཡིན། འདི་ལྟར་༧གོང་ས་མཆོག་གི་ཧྥ་རན་སིའི་མཛད་འཕྲིན་མཐའ་དག་ད་དུང་གྲུབ་མེད་ནའང་། ཆིབས་བསྒྱུར་འདིའི་སྐབས་གནད་ཀྱི་འགག་རྩར་ཐུག་ཅིང་ཆབ་སྲིད་དང་འབྲེལ་བའི་རྒྱལ་ས་ཕ་རི་སིའི་མཛད་འཕྲིན་ཁག་འདི་ཙམ་གྱིས་མཇུག་བསྒྲིལ་བར་བྱས།

ཕྱི་ལོ་ ༡༩༨༢ ལོར་༧གོང་ས་མཆོག་ཐེངས་དང་པོར་ཧྥ་རན་སིར་ཆིབས་བསྒྱུར་བསྐྱངས་ཤིང་། ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་གྱི་གོམ་པའང་ལོ་དེར་སྤོ་མགོ་ཚུགས་ཡོད། སྐབས་དེའི་རྒྱ་ནག་ནི་ད་ལྟ་ནང་བཞིན་རྒྱལ་ཚོགས་ཀྱི་བདེ་འཇགས་རྒྱུན་ལས་དང་རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཀྱི་ཚོགས་མི། དེ་བཞིན་༢༠༠༨ ལོའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་མགྲོན་བདག་སོགས་རྒྱལ་སྤྱིའི་ཐོག་མཚན་མཐོང་ཆེ་བའི་ད་ལྟའི་རྒྱལ་ཁབ་དེ་མིན་ཐོག ལྷག་པར་དུ་ཧྥ་རན་སི་དང་ཡུ་སྒོར་ཐེར་འབུམ་ཉེར་གཅིག་གི་ཚོང་འབྲེལ་གན་རྒྱ་ཡོད་པའི་ད་ལྟའི་སྟོབས་ཆེན་རྒྱལ་ཁབ་འདིའང་མིན་སྟབས། གསར་དུ་སྤོས་མ་ཐག་པའི་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་གྱི་གོམ་པ་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་༼མཆོང་བསྐྱོད༽ཀྱི་ངོ་བོར་འཕོས་ཐུབ་པ་བྱུང་ཡོད། སྐབས་དེར་ཧྥ་རན་སིའི་སྲིད་དོན་ཚོགས་པ་ཆེ་ཁག་སྤྱི་ཚོགས་ཚོགས་པ PS དང་རྙིང་ཞེན་ཚོགས་པ UMP གཉིས་ཀྱིས་གཅིག་ལ་གཅིག་འགྲན་གྱིས་གྲོས་ཚོགས་འཚོགས་ཐེངས་རེར་བོད་དོན་གླེང་ཤིང་། གྲོས་ཚོགས་གོང་འོག་གང་ཡིན་ཡང་རྒྱུན་དུ་བོད་དོན་གྲོས་ཆོད་རེ་ཆད་མེད་དུ་འཇོག་ལ། ཕྱི་ལོ་ ༡༩༩༣ ལོར་སྲིད་འཛིན་ཧྥུ་རན་སྭོ་བ་མེ་ཐུར་རན་ François Mitterrand གྱིས་༧གོང་ས་མཆོག་དང་གཞུང་འབྲེལ་མཇལ་འཕྲད་གནང་སྟེ་བོད་དོན་རྒྱབ་སྐྱོར་གྱི་སྒྲག་གཏམ་སྤེལ་ཐོག ཕ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་པ་ཅ་ཁུག་ཤེ་ར་ཁུག་ Jacques Chirac གིས་༧གོང་ས་མཆོག་གྲོས་ཚོགས་ཁང་དུ་གདན་འདྲེན་ཞུས་ནས་བོད་དོན་གསུང་བཤད་གནང་བ་མ་ཟད། ཁོས་རང་ཉིད་ནི་༧གོང་ས་མཆོག་དང་བོད་ལ་སེམས་ཐག་ཉེ་ཤོས་ཀྱི་གྲོགས་པོ་ཞིག་ཡིན་པའི་གཏམ་བཤད་ཀྱང་གནང་། དེ་བཞིན་ཚོགས་པ་ཆུང་གྲས་དང་མང་ཚོགས་ཀྱིས་ཀྱང་འཛམ་གླིང་ཐོག་རྒྱ་ཁྱོན་ཆེ་ཤོས་ཀྱི་བོད་ཀྱི་རྒྱལ་དར་བཞེངས་པ་སོགས་བྱས་ཏེ་ཧྥ་རན་སིའི་སྲིད་གཞུང་དང་སྲིད་འཛིན། གྲོས་ཚོགས། སྲིད་དོན་ཚོགས་པ། དེ་བཞིན་མི་སྒེར་གང་ཡིན་ཡང་བོད་དོན་རྒྱབ་སྐྱོར་བའམ་བོད་ཀྱི་༼ གྲོགས་པོ་ ༽ཞིག་ཡིན་པའི་རྣམ་འགྱུར་གསལ་བོར་བསྟན་ཡོད། དེ་ནི་ཕྱིའི་རྣམ་འགྱུར་ཙམ་མིན་པར་ཧྥ་རན་སིས་བོད་དོན་ཐད་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཀྱང་བྱས་ཡོད་སྟབས། ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བ་ནི་བོད་ལ་མཚོན་ན་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཐད་༼གསེར་མདོག་གི་ལོ་ཟླ་༽ཞིག་ཡིན་ཆོག

ཕྱི་ལོ་ ༡༩༩༣ ནས་ད་བར་ལོ་ངོ་ ༡༥ ཏག་ཏག་ཕྱིན་ཡོད། ལོ་ངོ་འདི་དག་གི་རིང་ཨ་རི་དང་དབྱིན་ཇི། འཇར་མན་ནི། ཁེ་ན་ཊ། ཨོ་སུ་ཁྲུ་ལེ་ཡ་སོགས་ཀྱི་སྲིད་འཛིན་དང་སྲིད་བློན་ཚོས་དུས་ཚོད་དང་གནས་སྟངས་འདྲ་མིན་འོག་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད། དེ་ལྟ་ནའང་། དུས་སྐབས་འདིའི་ཧྥ་རན་སིའི་སྲིད་འཛིན་ཅ་ཁུག་ཤེ་ར་ཁུག་ (Jacques Chirac) ལ་མཚོན་ན། ཨ་རི་གཙོས་པའི་དེ་སྔའི་མཛའ་མཐུན་རྒྱལ་ཁབ་ཁག་ལས་རྒྱ་ནག་གལ་ཆེན་ཆགས་ཤིང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་ལས་རྒྱ་ནག་གི་ཚོང་འབྲེལ་རྩ་ཆེན་དུ་ཆགས། རྒྱ་ནག་གི་སྲིད་འཛིན་ཐེངས་དང་པོར་ཧྥ་རན་སིར་སླེབས་པ་དང་། རྒྱ་ནག་གི་ཚོང་རྫས་ཀྱང་རིམ་བཞིན་ཧྥ་རན་སིའི་ཚོང་རྭར་ཁྱབ། དེའི་མ་ཚད། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་རྒྱ་ནག་གི་ཁྲིམས་གཞི་ཁག་ཅིག་ཀྱང་རྒྱལ་མཚམས་བརྒལ་ནས་ཧྥ་རན་སིར་སླེབས།  ༢༠༠༦ ལོར་ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ནས་སྣེ་ཤན་པ་ཚོར་རྒྱ་ནག་གི་ཡུལ་སྐོར་བ་ཚོར་བོད་དང་ཐེ་ཝན། དེ་བཞིན་ཆོས་འཁོར་སྒོམ་སྒྲུབ་སོགས་ཀྱི་དོན་གནད་མི་གླེང་བའི་ལམ་སྟོན་བྱས་ཡོད་ལ། ལམ་སྟོན་དེ་བཞིན་དོན་དངོས་ཐོག་ཁྲིམས་གཞི་ལྟར་ལག་བསྟར་ཀྱང་བྱས་ཡོད། ཧྥ་རན་སི་རྒྱ་ནག་དང་ཁ་འདྲིས་གཏིང་འདྲིས་བྱུང་བའི་བརྒྱུད་རིམ་ཁྲོད་སྲིད་འཛིན་ཤེ་ར་ཁུག་གིས་རང་ཉིད་བོད་དང་༧གོང་ས་མཆོག་ལ་ ༼ སེམས་ཐག་ཉེ་ཤོས་ཀྱི་གྲོགས་པོ ༽ ཡིན་པ་གཏིང་བརྗེད་དུ་ཕྱིན། གྲོས་ཚོགས་དང་སྲིད་དོན་ཚོགས་པས་བོད་དོན་མི་གླེང་བར་རྒྱ་ནག་གླེང་ལ། མི་སྒེར་ཚོས་རྒྱ་ཡིག་བསླབ་རྗེས་རྒྱ་ནག་དུ་བསྙེགས། འདི་ལྟར་ལོ་ངོ་ ༡༥ རྗེས་སུ་ཧྥ་རན་སི་རྦད་དེ་བོད་དོན་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་སྡིངས་ཆ་ལས་རྩ་ཡལ་དུ་སོང་།

༼ རྒྱལ་ཁབ་མང་པོ་ཞིག་གི་དབུ་ཁྲིད་ཚོས་ཏཱ་ལའི་བླ་མ་དང་ཐུག་འཕྲད་བྱེད་ཀྱིན་ཡོད་ནའང་། ཧྥ་རན་སིར་དེ་འདྲའི་འཆར་གཞི་གང་ཡང་མེད། ༽འདས་པའི་ལོ་ ༡༥ རིང་གི་ཧྥ་རན་སིའི་སྐད་ཆ་རྙིང་བ་འདི་སྲིད་འཛིན་གསར་བ་ནེ་ཁོ་ལ་སར་ཁོ་རྫེས་ Nicolas Sarkozy བསྐྱར་བཟློས་བྱས། ཁོ་ཧྥ་རན་སིའི་སྲིད་འཛིན་དུ་བསྡད་མ་ཐག་དེ་སྔ་ཆད་ཟིན་པའི་རྒྱལ་སྤྱིའི་འབྲེལ་ལམ་ཁག་འཕྲད་དུ་སླར་གསོ་བྱས་ཐོག བོར་བརླག་ཏུ་ཕྱིན་པའི་ཧྥ་རན་སིའི་རྒྱལ་སྤྱིའི་སྣང་བརྙན་བསྐྱར་གསོ་བྱས་ནའང་། སྲིད་འཛིན་ཟུར་བ་ཤེ་ར་ཁུག་ལྟར་བོད་དོན་མུ་མཐུད་ནས་དྲན་པ་བརྗེད་ཡོད། དེ་ལྟ་ནའང་སྟབས་ཉེས་པ་ཞིག་ལ། ད་ལོའི་བོད་ནང་གི་ངོ་རྒོལ་ལ་རྒྱ་ནག་གིས་དྲག་གནོན་བྱས་པ་དང་། པེ་ཅིན་ཨོ་ལིམ་པིག་གི་དཔལ་འབར་ཕ་རི་སིར་བརྒྱུད་སྤྲོད་སྐབས་ལ་ཧྥ་རན་སིའི་མི་དམངས་ཀྱིས་ངོ་རྒོལ་དང་ཚབས་ཆེའི་འགོག་རྐྱེན་བཟོས་པ་དེས། སྲིད་འཛིན་སར་ཁོ་རྫེ་དང་ཁོའི་སྲིད་གཞུང་གསར་བར་ཡང་བསྐྱར་༼ བོད་ ༽དྲན་པ་སོས་སུ་བཅུག་པ་མ་ཟད། ཧྥ་རན་སི་བོད་དོན་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བཙན་འདེད་བྱས། ཐེངས་འདིར་ཧྥ་རན་སི་བོད་དོན་སྡིངས་ཆའི་སྟེང་མངོན་སྟངས་ལ་སྲིད་འཛིན་འདས་པོ་མེ་ཐུར་རན་ François Mitterrand གྱི་གསོན་ཉམས་ཤར་ཡོད་ལ། བོད་དོན་ལསྡིངས་ཆའི་ཐོག་ནས་ཡིབ་སྟངས་ལ་སྲིད་འཛིན་ཤེ་ར་ཁུག་Jacques Chirac གི་བྱང་ཆའང་ལྡན་ཡོད། སྲིད་འཛིན་སར་ཁོ་རྫེས་༼ ང་པེ་ཅིན་ཨོ་ལིམ་པིག་གི་མཛད་སྒོ་འགྲོ་རྒྱུ་མིན།༽ ༼ གོ་སྐབས་བྱུང་ན་ངས་ཏྰ་ལའི་བླ་མ་དང་ཐུག་འཕྲད་བྱེད་རྒྱུ་ཡིན།༽ ༼ བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་བྱུང་ཚེ་ཧྥ་རན་སིས་གཞུང་འབྲེལ་ཐོག་ཐུགས་སྤྲོ་གཏོང་རྒྱུ༽ཡིན་ཚུལ་བརྗོད་དེ་ཧྥ་རན་སིས་བོད་དོན་གལ་ཆེན་དུ་བརྩི་བཞིན་པའི་རྣམ་འགྱུར་བསྟན་ནའང་། ཁོ་པེ་ཅིན་ཨོ་ལིམ་པིག་གི་མཛད་སྒོར་ཞུགས་པ་མ་ཟད་སྐབས་དེའི་མཛད་འཆར་དང་དུས་ཡུན། ཕེབས་རོགས་མི་སྣ་བཅས་ལ་རྒྱ་ནག་གི་གདོང་གཤིས་དང་བསྟུན་ནས་འགྱུར་བ་ཐེངས་གསུམ་བཏང་ཡོད་ལ། རྒྱ་ནག་གཞུང་གིས་ ༼མཇུག་འབྲས་ཚབས་ཆེན་འབྱུང་བའི༽ཉེན་བརྡའི་འོག་༧གོང་ས་མཆོག་གི་མཇལ་འཕྲད་ཀྱང་ད་ལོའི་ལོ་མཇུག་བར་ཕྱིར་འགྱངས་བྱས་ཡོད། དེར་བརྟེན་ད་ལྟའི་ཆར་ཧྥ་རན་སིའི་ཁ་བོད་ལ་འཁོར་ཡོད་ནའང་ལག་རྒྱ་ལ་ཐོགས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply