ཟུག་གཟེར་གྱི་ལུང་པ།

རྒྱ་ནག་གི་ནུབ་ཁུལ་ཞིན་ཅང་ས་གནས་སུ། ཡི་གུར་རང་དབང་འཐབ་རྩོད་པས་ཕར་རྒོལ་བྱས་ཏེ། རྒྱའི་ཉེན་རྟོག་པ་ ༢ ཀྱི་སྲོག་ཤོར་བ་དང༌། མི་བདུན་ལ་རྨས་སྐྱོན་ཕོག་ཡོད་པ་རེད། འདི་ནི་ཞིན་ཅང་ས་ཁུལ་དུ་བྱུང་བའི་དྲག་སྤྱོད་ཀྱི་ལས་འགུལ་ཐ་མ་དེ་ཡིན་འདུག

ཚེས་ ༢༧ ཉིན་ཅཱ་ཧྲི་རྫོང་གི་གྲོང་གསེབ་ཞིག་ཏུ་དོན་རྐྱེན་འདིའི་མགོ་བརྩམས་ཡོད་ལ། ད་ལྟའི་བར་དོན་རྐྱེན་འདིའི་རྒྱུ་རྐྱེན་ཅི་ཡིན་དང༌། ཡི་གུར་བ་ལ་རྨས་སྐྱོན་ཕོག་ཡོད་མེད་སོགས་ཀྱི་སྐོར་ལ་གསལ་ཆ་བྱུང་མེད་པ་རེད། འཇར་མན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཡི་གུར་ཚོགས་པའི་མགྲིན་ཚབ་པ་Dilxat Raxit ཡིས་གསར་ལམ་ཁག་ཏུ་དཔང་མི་རྒྱུད་དེ་མེ་མདའི་སྐད་སྒྲ་གོ་ཡོད་རབས་ལས་གཞན་ཞིབ་ཕྲའི་གནས་ཚུལ་བཤད་མི་འདུག
 
ཅ་ཧྲི་རྫོང་གི་ནུབ་ཕྱོགས་སུ་སྤྱི་ལེ་ ༦༠ ཙམ་གྱི་སར་ཡོད་པའི་ཁཱ་ཤིས་གྷར་ཀྱི་མི་དམངས་སྨན་ཁང་ཨང་དང་པོའི་ནང་གི་མྱུར་སྐྱོབ་སྡེ་ཚན་དུ་ཡོད་པའི་བུད་མེད་ཞིག་གིས་བརྗོད་དོན། ཉེན་རྟོག་པ་དྲུག་གིས་དོན་རྐྱེན་དེར་གདོང་ལེན་བྱས་པ་དང༌། དེ་ཚོའི་ཁྲོད་ཀྱི་ཉེན་རྟོག་པ་གཅིག་ལ་གྲི་ཡིས་རྨས་འདུག་པ་གསར་ལམ་ཁག་ཏུ་སྤེལ་ཡོད་པ་དང༌། ཅཱ་ཧྲི་རྫོང་གི་གུང་ཁྲན་ཏང་ཡོན་གྱི་ཚོགས་པའི་ལས་བྱེད་མཱོར་བྷེ་ཡཱ་ཡིས་ཉེན་རྟོག་པ་གཉིས་ཀྱི་ཚེ་སྲོག་ཤོར་བས་ཁོ་ཚོས་དོན་རྐྱེན་འདི་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན་པར་བཤད་ཡོད། ཡང་མིང་བཤད་འདོད་མེད་པའི་བདེ་འཇགས་ལས་བྱེད་པ་ཞིག་གིས། བུད་མེད་གཅིག་དང་སྐྱེས་པ་བདུན་བཅས་ཁྱོན་ཡི་གུར་བ་མི་ ༨ ཡོད་པ་དང༌། དེའི་ཁྲོད་ཀྱི་སྐྱེས་པ་གཅིག་འཛིན་ཐུབ་པ་བྱུང་ཡང་གཞན་ཚང་མ་ཤོར་ཡོད་པ་གསར་ལམ་ཁག་ཏུ་སྤེལ་འདུག

ཨོ་ལིམ་པིག་རྩེད་འགྲན་གྱི་སྔ་རྗེས་སུ་ཞིན་ཅང་གི་ས་ཁུལ་ཁག་ཏུ་དོན་རྐྱེན་གང་མང་བྱུང་ཡོད་ལ། ཨོ་ལིམ་པིག་རྩེད་འགྲན་མགོ་མ་བརྩམས་པའི་ཉིན་བཞིའི་སྔོན་དུ་ཞིན་ཅང་ས་ཁུལ་གྱི་ཁཱ་ཤིས་གྷར་དུ་མི་ ༡༦ བསད་ཡོད་ལ། ཟླ་ ༨ པའི་ཚེས་ ༡༠ ཉིན་དངུལ་ཁང་དང༌། སྤྱི་བདེ་ཅུས། སྲིད་གཞུང་གི་ཁང་པ་དང་ཚོང་ཁང་སོགས་ཁྱོན་ས་གནས་ ༡༧ ལྷག་ལ་འགད་རྫས་འགས་གཏོར་གྱི་དོན་རྐྱེན་བྱུང་ཡོད་ལ། དེའི་ཁྲོད་དུ་ལོ་ན་ ༡༥ ཡིན་པའི་བུ་མོ་ཆུང་ཆུང་ཅིག་ལ་རྨས་སྐྱོན་ཕོག་ཡོད། ཉིན་གཉིས་ཀྱི་རྗེས་སུ་ཡཱ་མཱན་ཡཱ་གྲོང་ཚོར་དོན་རྐྱེན་ཞིག་བྱུང་ཡོད་པ་དང༌། མི་གསུམ་རྐྱེན་འདས་སུ་སོང་ཡོད། དོན་རྐྱེན་འདི་དག་གི་འབྱུང་ཁུངས་གང་ཡིན་ད་ལྟ་བར་ཁ་གསལ་ཞིག་མེད་ཀྱང༌། རྒྱ་ནག་གཞུང་གིས་དོན་རྐྱེན་འདི་དག་གི་རྒྱབ་ཏུ་འཇིགས་སྐུལ་རིང་ལུགས་པ་ཡོད་པའི་ངོས་འཛིན་བྱས་ཡོད་པ་མ་ཟད། དེ་ནི་ཞིན་ཅང་གི་གྲངས་ཉུང་མི་རིགས་ཏེ། ཡི་གུར་རིགས་དང་ཡི་སི་ལམ་ཁ་བྲལ་རིང་ལུགས་ལ་འབྲེལ་བ་ཡོད་པར་བརྗོད་ཡོད་ལ།  ས་ཁུལ་དེ་ནི་སྣུམ་དང༌། སོལ་རླངས་ཀྱི་ཐོན་ཁུངས་ཕྱུག་པོ་ཡོད་པ་དང༌། ཨབ་གྷན་ནི་སི་ཐན་དང༌། པཱ་ཀི་སི་ཐན། ཨེ་ཤ་ཡའི་རྒྱལ་ཁབ་དྲུག་གི་ལྟེ་བར་ཡོད་པ་རེད། རྒྱ་ནག་གིས་ད་ལྟ་བར་དུ་འཇིགས་སྐུལ་རིང་ལུགས་པའི་མིང་ཚིག་ལ་ཁ་གཡར་ནས་དོན་རྐྱེན་སློང་མཁན་ཚོ་འཛིན་བཟུང་བྱེད་ཀྱིན་ཡོད་པ་རེད།

སྤྱི་ལོ་ ༡༩༦༠ དང་ ༡༩༧༠ བར་གྱི་ལོ་ངོ་འདི་དག་གི་ནང་དུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ལག་ལེན་བྱས་མྱོང་བའི་མཱ་ཁེ་སི་རིང་ལུགས་ཀྱི་གསར་བརྗེ་ཁྲོད་དུ་ཆོས་ལུགས་དང༌། གྲངས་ཉུང་མི་རིགས་ཀྱི་རིག་གནས་ལ་རྡོག་རྫིས་ཐེབས་སྐབས། ཡི་ཀུར་མི་རིགས་ལ་རྡུང་རྡེག་ཚབས་ཆེན་ཕོག་ཡོད་པ་རེད། དུས་རབས་ ༢༠ བའི་ལོ་རབས་ ༨༠ ནང་དུ་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་བྱས་རྗེས་ཞིན་ཅང་ས་ཁུལ་དུ། ཆབ་སྲིད་འཐོར་གཤིག་གི་རྣམ་པ་དང་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་ལ། དེ་རིང་ཡང་མཇུག་རྫོགས་མེད་པ་མ་ཟད། ཏུར་ཀི་སི་ཐན་གྱི་ཡི་སི་ལམ་ཚོགས་པའི་རྒྱབ་སྐྱོར་དང༌། པཱ་ཀི་སི་ཐན་ཕྱོགས་སུ་ཡང་རྒྱབ་སྐྱོར་ཡོད་པའི་དོགས་པ་ཡོད་པ་རེད།
 
 Raxitཡིས་གསར་ལམ་ཁག་ཏུ་རྒྱ་ནག་གི་གནས་ལུགས་མེད་པའི་བྱ་སྤྱོད་ལ་བརྟེན་ནས་དོན་རྐྱེན་འདི་དག་བྱུང་བ་ཡིན་པ་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གཞུང་གིས་ཡི་ཀུར་མི་རིགས་ལ་དྲག་གནོན་དང༌། འཛིན་བཟུང་གི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་འབོད་སྐུལ་བྱེད་དགོས་པའི་རེ་བ་ཞུས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཟུག་གཟེར་གྱི་ལུང་པ།

  1. ཞིན་ཅང་མ་རེད། ཤར་ཏུར་ཀི་སི་ཐན་ཞེས་བསྒྱུར་འོས། ཡིན་ནའང་། ཞིན་ཅང་ཞེས་པའི་རྒྱ་སྐད་འདིས་དོན་དག་ཅིག་སྟོན་གྱི་ཡོད་དེ། དེ་ནི་མངའ་ཁོངས་གསར་པ་ཞེས་པ་དེ་ཡིན་པར་མ་ཟད། མིང་དེ་ ༡༨༨༨ལོར་བཏགས་པ་ཞིག་ཀྱང་ཡིན་པས། ཤར་ཏུར་ཀི་སི་ཐན་གནད་དོན་ནི་བདག་དབང་ལ་ཐུག་ཡོད།