བོད་མི་ ༡༣༧ གནས་དབྱུང་གཏོང་འཆར།

བལ་ཡུལ་ཉེན་རྟོག་པས་ཕྱི་ཚེས་ ༩ དང་ ༡༠། ༡༡ བཅས་ལ་བལ་ཡུལ་ནས་རྒྱ་གཞུང་ལ་ཞི་རྒོལ་བྱེད་མཁན་བོད་མི་ ༡༣༧ དེ་རྒྱ་གར་དུ་གཏོང་དགོས་པའི་གོ་བརྡ་དང་བཅས་བལ་ཡུལ་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ལྷན་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་ལ་རྩིས་སྤྲོད་བྱས་ཡོད་པ་རེད།

ལོ་འདིའི་ཕྱི་ཟླ་བ་གསུམ་པའི་ཡར་ལངས་ནས་བཟུང་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ནམ་རྒྱུན་བལ་ཡུལ་རྒྱ་མའི་གཞུང་ཚབ་ཁང་མདུན་དུ་ཞི་བའི་ངོ་རྒོལ་བྱས་ཡོད་ལ། ད་བར་དུ་བལ་ཡུལ་ཉེན་་རྟོག་པས་ཁྱོན་བོད་མི་ ༨༠༠༠ ལྷག་འཇུ་བཟུང་བྱས་ཡོད། རྒྱ་ནག་གཞུང་གིས་ངོ་རྒོལ་འདིའི་རིགས་ནི་རྒྱ་ནག་དང་བལ་ཡུལ་གྱི་ཕྱི་སྲིད་ལ་གནོད་ཚབས་ཆེ་སྐོར་བརྗོད་དེ་བལ་ཡུལ་གཞུང་ལ་ལས་འགུལ་འདི་དག་མཚམས་འཇོག་བྱེད་དུ་འཇུག་རྒྱུའི་གནོན་ཤུགས་རིམ་པར་སྤྲད་ཡོད་པ་རེད།

བོད་མི་ ༡༣༧ དེ་ད་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་ཀྱི་ལྟ་རྟོག་འོག་ཡོད་པའི་བལ་ཡུལ་བོད་མིའི་སྣེ་ལེན་ཁང་དུ་བསྐྱལ་ཡོད་འདུག་ལ། ཉིན་ཤས་རིང་འདིར་བོད་མི་དེ་དག་བལ་ཡུལ་དུ་སྡོད་པར་ཁྲིམས་མཐུན་ཁུངས་སྐྱེལ་ཅི་ཡོད་བརྩད་གཅོད་བྱེད་ཀྱིན་ཡོད་པ་རེད། སྣེ་ལེན་ཁང་གི་འབྲེལ་ཡོད་མི་སྣ་ཞིག་གིས་རྒྱལ་སྤྱིའིི་བོད་དོན་ལས་འགུལ་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། བོད་མི་འདི་དག་གི་ཁྲོད་བལ་ཡུལ་གཞུང་གིས་ཡུལ་དེར་གནས་སྡོད་ཆོག་མཆན་གྱི་ཡི་གེ་སྤྲད་ཡོད་པ་དང་། བལ་ཡུལ་གྱི་མི་སེར་ལག་འཁྱེར་ཡོད་པའི་རིགས་ཕྱིར་སོ་སོའི་ཁྱིམ་དུ་མངགས་རྒྱུ་ཡིན་ཚུལ་འདུག བོད་མི་ ༡༣༧ དེའི་ཁྲོད་ལོ་ན་རྒན་ཤོས་ནི་ ༥༠ ང་གྲངས་ཀྱི་མཇུག་དང་ལོ་ན་ཆུང་ཤོས་ནི་ལོ་ ༡༦ ཡིན་འདུག བོད་མི་འདི་དག་གི་ཕལ་ཆེ་བ་ནི་མི་སྐྱ་ཡིན་པ་དང་དེའི་ཁྲོད་གྲྭ་བཙུན་རེ་ཟུང་ཀྱང་ཡོད་འདུག

འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ལྷན་ཚོགས་ཀྱི་སྐྱབས་བཅོལ་སྡེ་ཚན་གྱིས་འདི་ལྟའི་རྟོག་ཞིབ་ཁྲོད་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་པ་དང་། འདིའི་བསྟན་པ་ནི་བལ་ཡུལ་གཞུང་གིས་བལ་ཡུལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་གིན་པ་དེ་ཡིན་ཚུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༡༢ ཉིན་བལ་ཡུལ་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཧྥ་རན་སི་གསར་སྤེལ་ཁང་ལ་བརྗོད་དོན། ང་ཚོའི་གཞུང་ངོས་ནས་འབོད་སྐུལ་ཇེ་ལྟར་ཞུས་པར་མ་གསན་པར་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་བྱེད་པ་མཚམས་འཇོག་མ་བྱས་སྟབས་ཉེན་རྟོག་པ་དང་ཡུལ་མི་གནས་སྤོར་སྡེ་ཚན་གྱི་ལས་བྱེད་ཚོར་ལས་དོན་འདི་ལྟར་ལག་བསྟར་བྱེད་དགོས་ོའི་བཀའ་རྒྱ་བཏང་བ་རེད། ང་ཚོར་ཐག་གཅོད་འདི་ལྟར་མི་བྱེད་ཀ་མེད་དུ་བཏང་བ་རེད། ང་ཚོས་རྒྱ་ནག་དང་མཉམ་དུ་གྲོགས་འབྲེལ་བློས་གཏོང་འདོད་མེད། ང་ཚོས་རང་གི་ས་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འཇུག་གི་མིན། ཅེས་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བལ་ཡུལ་གཞུང་ལ། ༡༩༩༠ གོ་གྲངས་ནས་མཚམས་འཇོག་བྱས་པའི་གནས་སྡོད་ཆོག་མཆན་གྱི་ཡིག་ཆ་དེ་སྤྲོད་རྒྱུ་བསྐྱར་དུ་མགོ་འཛུགས་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། དེ་བཞིན་དུ་བལ་ཡུལ་དུ་སྡོད་རྒྱུར་ཁྲིམས་མཐུན་ཡིག་ཆ་མེད་མཁན་བོད་མི་ཚོར་ངོ་རྒོལ་འདི་འདྲའི་ནང་ཞུགས་སྐབས་གཟབ་ནན་བྱེད་དགོས་པའི་མངགས་བྱ་བྱས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply