ཆོལ་ཁ་དང་ཆོས་རྒྱུད་ཁག་གིས་ཚོགས་ཆེན་ལ་གྲ་སྒྲིག

ཟླ་རྗེས་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་གཞུང་གི་སྒྲིག་འཛུགས་ཁག་དང་ཆོས་རྒྱུད་ཁག  རང་དབང་གི་ཚོགས་པ་ཁག་དང་ཕྱི་རྒྱལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ལ། ཚོགས་ཆེན་གྱི་གྲ་སྒྲིག་དང༌། མི་མང་གི་བསམ་འཆར་འཁྱེར་ཡོང་སྟངས་ལ་གསལ་བསྒྲགས་སྤེལ་བ་བཞིན་དུས་བབ་གསར་ཁང་གི་ངོས་ནས་སྡེ་ཚན་ཁག་དང༌། སྒྲིག་འཛུགས་ཁག་སོ་སོའི་འབྲེལ་ཡོད་མི་སྣར་ཆོགས་ཆེན་གྱི་གྲ་སྒྲིག་སྐོར་ལ་བཅར་འདྲི་བྱས་པ་ཡིན།
 
གཡུང་དྲུང་བོན་གྱི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། སྦྱི་འཐུས་དང་བཀའ་ཤག་ནས་ཐག་གཅོད་བྱས་པ་བཞིན་ཆོས་ལུགས་ཁག་ནས་འཐུས་མི་དྲུག་ཚོགས་འདུར་ཞུགས་ཆོག་པ་དང༌། དེ་ཡང་ཆོས་ལུགས་སྤྱི་འཐུས་ཚོས་འགན་འཁུར་དགོས་ཀྱི་ཡོད་པ་རེད། བཙན་བྱོལ་དུ་བོན་དགོན་ཆེན་པོ་གཉིས་མ་གཏོགས་མེད་པས་འཐུས་མི་འདེམས་རྒྱུ་དེར་དཀའ་ལས་མི་འདུག ཚོགས་ཐོག་ལ་ད་ལྟ་བར་དུ་ང་ཚོས་རྒྱ་ནག་ལ་རེ་བ་བཅོལ་བ་དེ་གང་འདྲ་ཞིག་ཏུ་གྱུར་ཡོད་པ་དང༌། གཞིས་ལུས་བོད་མིའི་ལས་འགུལ་སོགས་གཞི་རྩར་འཇོག་དགོས་ཀྱི་ཡོད་པ་རེད་ལ། དེ་ལས་ཀྱང་ཆོས་ལུགས་ཁག་གི་འཐུས་མི་ཚོས་རྒྱ་ནག་གིས་བོད་ཀྱིསྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ཀྱི་ལམ་ལུགས་དང༌། དགེ་བཤེས་ལྷ་རམས་གཏོང་སྟངས་སོགས་ལ་ཁྲིམས་བཟོས་ཡོད་པའི་སྲིད་བྱུས་ལ་གོ་བསྡུར་བྱེད་དགོས་པ་གལ་ཆེན་རེད། བཀའ་ཁྲི་མཆོག་དང་སྦྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་ཚོགས་འདུ་འདིའི་ཐོག་ནས་བོད་ཀྱི་སྲིད་བྱུས་ལ་འགྱུར་བ་འགྲོ་གི་མ་རེད་གསུངས་ཡོད་པ་རེད། ཁྲིམས་ཀྱི་འགྲོ་སྟངས་བཞིན་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་དེ་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་བཞིན་ད་ཐེངས་ཀྱི་ཚོགས་འདུ་འདིའི་ཐོག་གི་གྲོས་བསྡུར་ཤུགས་ཆེན་པོ་དེ་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་རྒྱུའི་རྨང་གཞི་ཆགས་ཀྱི་རེད་བསམ་གྱི་ཡོད།  ཡང་སྤྱི་ཚོགས་ཀྱི་གླེང་སློང་ནང་དུ་རང་བཙན་གྱི་ལྟ་བ་འཁྱེར་མཁན་དང་གཞུང་ཞབས་གཉིས་མང་ཉུང་ཡོད་པའི་ཐོག་ལ་བསམ་འཆར་སླེབས་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་རང་གི་ངོས་ནས་དེ་ལ་ཁྱད་པར་ཆེན་པོ་མཐོང་གི་མེད། ནམ་རྒྱུན་ང་ཚོས་རང་བཙན་གྱི་ལྟ་བ་འཁྱེར་མཁན་དེ་ཚོའི་མི་འབོར་དང་ལངས་ཕྱོགས་ཤེས་ཀྱི་ཡོད་པ་རེད། དེ་ལ་དམིགས་བསལ་གྱིས་མི་གཅིག་ཡར་ལངས་ནས་འཐུས་མི་བྱས་ན་དེ་ལས་ཀྱང་དོ་སྣང་ཆེན་པོ་ཡོང་གི་རེད། ཚོགས་པ་འདྲ་མིན་གྱི་ནང་དུ་ཡོད་པའི་མི་སྒེར་ལ་ལངས་ཕྱོགས་ངེས་གཏན་ཞིག་མེད་པ་ཚོར་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་ཡོད།  དེ་མ་གཏོགས་ཁྱོད་ཕམ་ང་རྒྱལ་དེ་འདྲ་མ་ཡིན་པར་ཚང་མས་བོད་མི་རིགས་ཀྱི་རྩ་དོན་སྒང་ལ་སྐད་ཆ་བཤད་ཀྱི་ཡོད་པ་མ་ཟད། བསམ་ཚུལ་བཤད་རྒྱུར་རང་དབང་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་༧གོང་ས་མཆོག་ལ་མཚན་སྨོད་བྱས་པ་དེར་རྒྱ་ནག་ལ་ལན་གསལ་བོ་ཞིག་འདེབ་དགོས་ཀྱི་ཡོད། ཚོགས་འདུ་དེར་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར་ང་ཚོས་རྣམ་འགྱུར་གསལ་བོ་ཞིག་སྟོན་དགོས་ཀྱི་ཡོད་པ་རེད་ལ། ནམ་རྒྱུན་གྱི་ཚོགས་འདུ་དེ་ཚོ་ནང་བཞིན་གསུང་བཤད་གནང་ནས་བསྡད་ན་མི་འགྲིག་པར་དོན་དག་རྡོག་རྡོག་དེ་བཤད་དགོས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། ཅེས་གསུངས་བྱུང༌།
ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས། སྔོན་མ་ཡིན་ན་དཔལ་ལྡན་ས་སྐྱ་བའི་མི་སྣ་འདེམས་སྟངས་དེ་མ་དགོན་ཁག ༤ ཡི་དབུ་འཛིན་དག་ཕེབས་བསྡད་ཡོད་པ་རེད། ཡིན་ནའང༌། ངའི་བསམ་ཚུལ་ལ་ཐེངས་འདིའི་འཐུས་མི་དེ་ས་སྐྱའི་ཆོས་ལུགས་ཀྱི་ནང་ཁུལ་ཏུ་ནམ་རྒྱུན་ཆབ་སྲིད་ལ་དོ་སྣང་ཡོད་མཁན་དང༌། མ་འོངས་བོད་ཀྱི་ལམ་ཁ་སོགས་ཀྱི་སྒང་ལ་དུས་རྒྱུན་བསམ་བློ་གཏོང་མཁན་དང་མཁས་པ་དེ་འདྲའི་ཁྲོད་ནས་འདེམས་རྒྱུའི་གྲ་སྒྲིག་ཡོད། མི་རེ་གཉིས་ཤིག་གི་བསམ་ཚུལ་མ་ཡིན་པར་ཐོག་མར་མ་དགོན་ཁག་གི་གྲྭ་མང་ཡོངས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཁོང་ཚོའི་བསམ་ཚུལ་དང་དགོངས་ཚུལ་དེ་ཚོགས་ཆེན་སྟེང་སླེབས་ཐབས་སྐོར་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། ཐེངས་འདིའི་ཚོགས་ཆེན་སྟཻང་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་དེ་གཅིག་བྱས་ན་འགྲོ་གི་རེད། ང་རང་གི་ངོས་ནས་སྲིད་བྱུས་ལ་འགྱུར་བ་འགྲོ་གི་རེད་བསམ་ཡོད། སྲིད་བྱུས་གང་འདྲ་ཞིག་ལ་འགྱུར་བ་འགྲོ་དགོས་རུང་ཐབས་ལམ་སྟེང་བགྲོ་གླེང་བྱ་རྒྱུ་དེ་གལ་ཆེན་པོ་རེད། ལམ་ཁ་གང་མང་ཞིག་བཙལ་དགོས་པ་རེད། རང་བཙན་དང་དབུ་མའི་ལམ་མ་ཡིན་པའི་ལམ་ཁ་ཞིག་ཡོད་སྲིད་པ་རེད། ཐེངས་འདིའི་ཚོགས་ཆེན་ནང་དུའང་འཐུས་མི་ཡོངས་རྗོགས་ཚོགས་ཆུང་དུ་བགོས་ཏེ་བསམ་ཚུལ་བསྡུ་ལེན་དང༌། ཕན་ཚུན་བགྲོ་གླེང་བྱས་ཏེ་ལག་ལེན་བསྟར་དགོས་པ་དང་གྲོས་ཆོད་བཞག་རྗེས་སྲིད་བྱུས་ལ་འགྱུར་བ་འགྲོ་མིན་བལྟ་དགོས་པ་རེད། ཅེས་གསུངས་བྱུང༌།
 
དགེ་ལུགས་སྤྱི་འཐུས་བེ་རུ་འཇིགས་མེད་ལགས་ནས།  ཚོགས་ཆེན་དམིགས་བསལ་གོ་སྒྲིག་ཚོགས་ཆུང་ནས་ཆོས་ལུགས་ཁག་ནས་འཐུས་མི་དྲུག་རེ་ཞུགས་དགོས་པའི་བཀའ་ཕབ་པ་ལྟར་འཐུས་མི་འདེམས་སྟངས་ཐད་དགེ་ལུགས་པར་མཚོན་ན་དཀའ་ངལ་ཆེན་པོ་འདུག གྲྭ་ས་སེ་འབྲས་དགེ་གསུམ་དང༌། རྒྱུད་སྟོད་སྨད་གཉིས། བཀྲ་ཤིས་ལྷུན་པོ་སོགས་ལ་མཚོན་ན་ལོ་རྒྱུས་ཀྱི་ཐོག་ནས་དགོན་སྡེ་ཆེན་པོ་རེད།  དེ་ལས་དམིགས་བསལ་གྱིས་ཀིརྟི་དགོན་པ་དང༌། མཚན་ཉིད་གྲྭ་ཚང་ལ་དཔེ་བཞག་ན་གྲྭ་བ་མང་པོ་དང༌། ཆབ་སྲིད་ཀྱི་གོ་རྟོགས་ཡག་པོ་ཡོད་པ་རེད།  ད་ལྟའི་ཆར་ཐག་གཅོད་བྱེད་ཐུབ་ཀྱི་མི་འདུག ཡིན་ན་ཡང་འཆར་གཞི་ཡིན་ན་གྲྭ་ས་སེ་འབྲས་དགེ་གསུམ་ནས་འཐུས་མི་རེ་རེ་དང༌། རྒྱུད་སྟོད་སྨད་གཉིས་ནས་རེ་རེ། བཀྲ་ཤིས་ལྷུན་པོ་ནས་གཅིག་ཡོང་ན་བསམ་གྱི་ཡོད། བོད་གཞིས་བྱེས་གཉིས་ནས་ལས་འགུལ་ག་རེ་སྤེལ་ཡང་གདོང་མཆོང་བ་མང་ཤོས་དེ་གདན་ས་ཁག་ཡིན། སེམས་ཤུགས་དང་ལ་རྒྱ་ཡི་ཐོག་ངར་ནས་ཡོང་གི་ཡོད་རེད། ཡིན་ན་ཡང་བོད་མིའི་གནས་སྟངས་དང་རྩ་དོན། ལངས་ཕྱོགས་སོགས་ཞིབ་ཚགས་ཤེས་མཁན་ཉུང་ཉུང་རེད། དེའི་རྐྱེན་གྱིས་འཐུས་མི་མང་ཙམ་ཚོགས་ཞུགས་བྱས་ཏེ་གོ་རྟོགས་ལོན་ན་བསམ་གྱི་ཡོད། མང་ཚོགས་ཀྱི་བསམ་ཚུལ་ཚོགས་ཐོག་ལ་ཡོང་དགོས་ན་ས་མཚམས་དང་སྟངས་འཛིན་མེད་པ་གཞི་རྩར་འཇོག་དགོས་ཀྱི་ཡོད་རེད་བསམ་གྱི་ཡོད། ༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་འདིའི་མཐའ་མའི་དབང་ཆ་དེ་རྒྱ་ཆེ་མི་མང་གི་ལག་ཏུ་ཡོད་གསུངས་པ་བཞིན།  གལ་ཏེ་རྒྱ་ཆེའི་མི་མང་གི་བསམ་ཚུལ་དང་ད་ལྟའི་གཞུང་གི་སྲིད་ཇུས་གཉིས་གཅིག་པ་མིན་ན་དེ་བཞིན་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་རེད། གལ་ཏེ་མང་ཚོགས་ཀྱི་བསམ་ཚུལ་རང་གི་ཐོག་ནས་རྩ་དོན་ལ་འགྱུར་བ་མ་སོང་ན་དེ་གནས་ཚུལ་ཁ་ཁ་རེད། གལ་ཏེ་དབུ་མའི་ལམ་གྱི་ཐོག་ལ་འགྲོ་ཐུབ་ན་འདི་བོད་གཞིས་བྱེས་གཉིས་ཀྱི་རེ་བ་རེད། ཡིན་ན་ཡང་འགྲོ་ཐུབ་མིན་འདི་བོད་ཕྱོགས་ནས་མིན་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་རག་ལས་འདུག དེ་ཡིན་དུས་ལམ་དབུ་མ་འཁྱོངས་མིན་འདི་ང་ཚོའི་ནང་ཁུལ་ནས་ཕར་འདེད་ཚུར་འདེད་བྱེད་རྒྱུ་མི་འདུག དེ་སྲིད་དོན་ཉམས་ཞིབ་པ་ཚོས་ཆབ་སྲིད་ཀྱི་འགྱུར་བ་ལ་དཔག་པའི་སྒོ་ནས་ཐག་གཅོད་བྱེད་དགོས།  གང་ལྟར་འཐུས་མི་ཚོ་དགོན་སྡེ་གང་ནས་ཡོང་ཡང་དང་པོ་ནས་བསམ་ཚུལ་བསྡུ་ལེན་དང་གྲ་སྒྲིག་ཨང་གསར་བྱས་ནས་ཚོགས་འདུར་ཞུགས་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང༌།
 
རྙིང་མའི་སྤྱི་འཐུས་བསོད་ནམས་བསྟན་འཕེལ་ལགས་ཀྱིས།  རྙིང་མའི་འཐུས་མི་དེ་རྙིང་མའི་གདན་ས་ཁག ༦ ནས་འདེམས་ཡོང་གི་ཡོད་ལ་དགོན་སྡེ་དེ་དག་ས་གནས་མི་འདྲ་བ་རེ་ན་ཡོད། ད་ལྟའི་ཆར་མི་སྣ་དམིགས་བསལ་འདྲ་མཐོང་གི་མི་འདུག་མོད། ཡིན་ནའང་འཐུས་མི་ཚོ་དགོན་སྡེ་དེ་དག་ནས་འདེམས་དགོས་པ་རེད།  ཁོང་ཚོས་ཚོགས་ཆེན་ལ་འཁྱེར་ཡོང་རྒྱུའི་བསམ་ཚུལ་དེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ། གཙོ་བོ་བོད་ཀྱི་རྩ་དོན་ཐོག་བསམ་ཚུལ་འཁྱེར་ཡོང་རྒྱུ་དེ་གལ་ཆེན་ཆགས་བསྡད་ཡོད་པ་རེད། བསམ་ཚུལ་མི་འདྲ་བ་ཡོང་སྲིད་ཀྱང་གནད་དོན་འདིའི་སྐོར་ལ་གླེང་སློང་བྱ་རྒྱུ་རེད་བསམ། ཚོགས་ཆེན་སྐབས་ཡིན་ནའང་བོད་ནང་གི་ཛ་དྲག་གནས་སྟངས་དང་རྒྱལ་སྤྱིའི་གནས་བབ་འདིའི་སྒང་ལ་གླེང་སློང་བྱེད་ཀྱི་རེད། ང་ཚོ་བོད་ཀྱི་རྩ་དོན་སྒང་ལ་འགྲོ་བསྡད་པ་མ་གཏོགས་ཁ་ཕྱོགས་འདི་འདྲ་ཞིག་ཡིན་ཞེས་ཡོད་པ་མ་རེད། རྩ་དོན་ཐད་ད་ལྟ་དབུ་མའི་ལམ་དང་རང་བཙན་གཙང་མ་ཕྱོགས་གཉིས་ལ་འཛིན་གྱི་ཡོད་པ་རེད། ང་རང་ཉིད་ནས་དབུ་མའི་ལམ་དེ་རྒྱ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། ང་ཚོའི་ངོས་ནས་རྒྱ་ཆེན་པོ་ཡིན་པ་ཧ་མ་གོ་བར་སོ་སོའི་ལས་འགུལ་ཆུང་ཆུང་ལས་རྒྱ་ཆུང་དུ་བཟོ་གི་ཡོད་པའི་རྣམ་པ་མཐོང་གི་འདུག ཡིན་ནའང་དེ་དག་བགྲོ་གླེང་དང་བསམ་ཚུལ་བརྒྱུད་གླེང་ཆོག་གི་རེད། སྲིད་བྱུས་ལ་འགྱུར་བ་འགྲོ་མིན་དེ་དམངས་གཙོའི་འགྲོ་སྟངས་ལྟར་ན་ཚོགས་ཆེན་རང་གི་ཐོག་ནས་མ་གཏོགས་སྲིད་བྱུས་ལ་འགྱུར་བ་འགྲོ་བའི་གནས་སྟངས་ཆགས་གི་མ་རེད་བསམ། སྲིད་བྱུས་འགྲོ་སྟངས་དང་འགྱུར་བ་དེ་གྲོས་ཚོགས་ནས་ཐག་གཅོད་དང་འཛིན་སྐྱོང་ནས་ལག་ལེན་བསྟར་གྱིན་ཡོད་པས།  ཐེངས་འདིའི་ཚོགས་ཆེན་དེ་བསམ་བློ་གཏོང་སའི་གཞི་དང་བསམ་ཚུལ་ལེན་རྒྱུ་ཞིག་མ་གཏོགས་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་ཞིག་ཡོང་གི་མ་རེད་བསམ། ཅེས་གསུངས་བྱུང༌།
བཀའ་རྒྱུད་སྦྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ཀྱིས། གཞིས་ལུས་བོད་མི་མང་གི་སེམས་སུ་ཡོད་པ་དེ་༧གོང་ས་མཆོག་ཡིན་ལ། ༧གོང་ས་མཆོག་གཞིས་ལུས་བོད་མི་མང་གི་རེ་བ་རེད། བཀའ་རྒྱུད་གྲུབ་མཐའི་གྲྭ་བཙུན་ཚོས་སྐུ་ཚབ་ཚོའི་གྲོས་མོལ་ལ་གྲུབ་འབྲས་མེད་པའི་ཐོག་ནས་གཞིས་ལུས་མི་མང་ཚོས་ལས་འགུལ་སྤེལ་བ་དང༌།  ལས་འགུལ་དེའི་ཁྲོད་ཀྱི་འབོད་ཚིག་དེ་ཚོ་སེམས་ལ་བཟུང་ནས་ད་ཕྱིན་ཆད་བོད་མི་མང་གིས་ག་རེ་བྱེད་དགོས་ཀྱི་ཡོད་མེད་འདི་གཞི་ལ་བཞག་ནས་བསམ་ཚུལ་ཁྱེར་ཡོང་གི་ཡིན། སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ན་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། ད་ཐེངས་ཚོགས་འད྄ུའི་ཐོག་གི་མི་མང་གི་བསམ་ཚུལ་དེ་གྲོས་ཚོགས་ཀྱི་ནང་དུ་སླེབས་དགོས་ཀྱི་ཡོད་པ་རེད་ལ། གལ་ཏེ་གྲོས་ཚོགས་ཀྱིས་མི་མང་གི་བསམ་ཚུལ་གཞིར་བཟུང་ནས་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་མིན་ལ་བསྐྱར་ཞིབ་མ་བྱས་ན་གྲོས་ཚོགས་དང་མི་མང་ཁ་ཁར་ཆགས་ཀྱི་ཡོད་པ་རེད།  ༧གོང་ས་མཆོག་གིས་གཟིགས་པ་ཆེན་པོས་མི་མང་ལ་རེ་བ་འདོན་རྒྱུའི་གོ་སྐབས་གནང་ཡོད་པ་རེད། འདི་དམ་འཛིན་དང་འགན་ལེན་དགོས།  བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་སྲིད་བྱུས་ལ་འགྱུར་བ་འགྲོ་གི་མ་རེད་ཅེས་དང་པོ་ནས་གསུང་བསྡད་ན་དེ་ཡིས་མི་མང་གི་བསམ་ཚུལ་འཁྱེར་ཡོང་རྒྱུ་ལ་ཏན་ཏན་ཤུགས་རྐྱེན་ཐེབས་ཀྱི་རེད་བསམ་གྱི་ཡོད། ཅེས་གསུངས་བྱུང༌།
 
དབུས་གཙང་སྦྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས། དབུས་གཙང་ཆོལ་ཁའི་ངོས་ནས་ས་གནས་ ༣༡ དང༌། དགུན་ཚོང་ཁྲོམ་ས་ ༦༡ ནས་འབྲེལ་མཐུད་པ་བརྒྱུད་དེ་དབུས་གཙང་ཆོལ་ཁའི་ལོ་འཁོར་ཚོགས་ཆེན་གྱི་གྲོས་ཆོད་དང་མ་འགལ་བའི་ཐོག་ནས་མི་མང་གི་རེ་བ་དང་བསམ་འཆར་བསྡུ་ལེན་བྱེད་ཀྱིན་ཡོད། དབུས་རྒྱུན་ལས་ཀྱི་ཐག་གཅོད་ལྟར་ཚོགས་ཞུགས་པ་དབུས་རྒྱུན་ལས་ཀྱི་ཚོགས་གཞོན་གཉིས་ཡིན།  སྒེར་གྱི་ངོས་ནས། ཚོགས་ཆེན་དེ་དབུ་མའི་ལམ་ལ་བསྐྱར་ཞིབ་བྱ་རྒྱུ་མ་ཡིན་པར་དབུ་མའི་ལམ་གྱི་འོག་ནས་ལས་འགུལ་སྤེལ་བ་དེ་ཚོ་ལ་བསྐྱར་ཞིབ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། ང་ཚོས་ཡར་མར་ལ་ཁག་དཀྲི་བྱེད་རྒྱུ་བཞག་སྟེ།  རང་གིས་རང་ལ་བསྐྱར་ཞིབ་བྱ་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་རེད། ལམ་དབུ་མ་ནི་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་མངོན་འདོད་རེད། གཞིས་ལུས་བོད་མི་ཚོས་ང་ཚོ་ལས་ལྷག་པའི་༧གོང་ས་མཆོག་གི་གསུང་བརྩི་བ་སྲམ་ལྤགས་མེ་རུ་སྒྲོན་པ་ལས་གསལ་བོ་ཤེས་ཀྱི་ཡོད། བཙན་བྱོལ་བོད་མིའི་ཁྲོད་དུ་ད་དུང་སྲམ་ལྤགས་དོར་མ་ཐུབ་པར་ཉར་ཡོད་མཁན་ཡོད་པ་རེད། མི་མང་གིས་སྐུ་དབང་ཕུལ་བ་བཞིན་༧གོང་ས་མཆོག་གིས་སྐུ་དབང་གི་འོག་ནས་བོད་མི་རིགས་ཀྱི་རྩ་དོན་ལ་ལམ་བུ་ཞིག་གནང་བ་དེ་ང་རང་གི་ངོས་ནས་བོད་མགོ་ནག་ཚང་མའི་མངོན་འདོད་རེད་བསམ་གྱི་ཡོད། གཞིས་ལུས་བོད་མི་ཚོས་༧གོང་ས་མཆོག་ལ་ཡིད་ཆེས་བློ་གཏད་ཡོད་པ་རེད། ང་ཚོས་མི་རིགས་ཁ་འཐོར་གྱི་ཉེན་ཁ་དང་རིག་གཞུང་ཉམས་ཉེས་གྱི་ཕམ་ཁ་ཡིད་ལ་བཟུང་ནས་དུས་ཚོད་ནར་འགྱངས་དང་རང་བཙན་ལབ་བསྡད་ན་འགྲིག་གི་ཡོད་པ་མ་རེད། ཁ་ཤས་ཀྱིས་གཞིས་ལུས་བོད་མིའི་མངོན་འདོད་དེ་རང་བཙན་རེད་ཟེར། གཞིས་ལུས་བོད་མིས་ཀྱང་ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེ་ལབ་ཀྱི་ཡོད་པ་རེད་ལ། བཙན་བྱོལ་གཞུང་དང་༧གོང་ས་མཆོག་གིས་ཀྱང་ལོ་རྒྱུས་ཐོག་གི་རང་བཙན་དེ་བློས་གཏོང་གི་ཡོད་པ་མ་རེད། ང་ཚོས་མི་རབས་རེ་རེ་བཞིན་མི་རིགས་ཀྱི་ངོ་རྟགས་བརླག་འགྲོ་གི་ཡོད། བོད་མི་རིགས་ལ་ས་ཆ་ཆུང་ཆུང་ཞིག་ལས་མ་དབང་ཡང་དེ་ནས་རང་གི་མི་རིགས་མཉམ་སྡོད་ཀྱིས་ངོ་གདོང་སྲུང་ཐུབ་ཀྱི་ཡོད་པས་དེ་ལ་བསམ་བློ་བཏང་ནས། བོད་ནང་གི་ལས་འགུལ་གྱི་ཛ་དྲག་དང༌། རྒྱལ་སྤྱིའི་དོ་སྣང་དང་རྒྱབ་སྐྱོར། བཙན་བྱོལ་བོད་མིའི་ལས་འགུལ་སྤེལ་བ་སོགས་ལ་བསྐྱར་ཞིབ་བྱ་དགོས་ཀྱི་ཡོད་པ་སོགས་ཀྱི་ཐད་ལ་མི་མང་ཚང་མས་འགན་ཆེན་པོའི་སྒོ་ནས་མི་མང་གི་འཐུས་མི་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་བྱུང༌།
 
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཚོགས་གཙོ་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས།  མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ནས་འདི་ཆབ་སྲིད་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་བརྩིས་ཏེ། སྤྱི་ཟླ་ ༩ བའི་ཚེས་ ༡༧ ཉིན་དབུས་རྒྱུན་ལས་ལྷན་འཛོམས་ཐོག་སོ་སོའི་རྣམ་དཔྱོད་ཀྱི་རྩལ་བཏོན་སྟེ་གྲོས་བསྡུར་གང་ཐུབ་བྱས་པ་ཡིན། གྲོས་བསྡུར་ནང་ཚོགས་ཆེན་མ་སྐོང་སྔོན་མདོ་སྨད་མི་དམངས་ཀྱི་བསམ་ཚུལ་ཚོགས་ཆེན་སྟེང་སླེབས་ཐུབ་ཆེད། མདོ་སྨད་རྒྱུན་ལས་ནས་ཛ་དྲག་གི་ཚོགས་ཆེན་ཞིག་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ནས་ ༡༢ པར་ཉིན་གསུམ་རིང་འཚོགས་གཏན་འཁེལ་ཡོད། ཚོགས་ཆེན་ཐོག་ཚོགས་བཅར་བ་མདོ་སྨད་ཆོལ་ཁོངས་ནས་ཡིན་པའི་བཀའ་བློན་ལས་ཐོག་དང་བཀའ་ཟུར་ཡོངས། མདོ་སྨད་སྤྱི་ཟུར་དང༌།  དབུས་རྒྱུན་ཚོགས་གཙོ་རྣམ་པ་ལ་མགྲོན་བརྡ་ཕུལ་བ་མ་ཟད། གནད་ཡོད་བླ་ཆེན་སོགས་གདན་འདྲེན་ཞུ་རྒྱུ་ཡིན། གཞན། བཀའ་ཟུར་རྒྱལ་ལོ་དོན་གྲུབ་དང་བཀའ་ཟུར་རྗེ་བཙུན་པད་མ་རྣམ་གཉིས་ཀྱང་ཚོགས་འདུའི་སྟེང་ཆིབས་བསྒྱུར་འབོད་སྐུལ་ཞུས་ཡོད་ལ། སྤྱི་འཐུས་ལས་ཐོག་ཚང་མ་ལ་མགྲོན་ཤོག་ཕུལ་ཚར་བ་ཡིན། དེ་མ་ཟད་ས་གནས་མདོ་སྨད་རྒྱུན་ལས་ཡོད་ས་ནས་རྒྱུན་ལས་མི་ ༢ རེ་དང༌། ས་གནས་རྒྱུན་ལས་མེད་ས་ནས་མི་མང་ནང་ཁུལ་འཚོགས་ཏེ་དྲག་འདེམས་ཐོག་མི་རེ་རེ་གཏོང་དགོས་པའི་རེ་འདུན་བཏོན་ཡོད། ཚོགས་ཆེན་མ་འཚོགས་སྔོན་ལ་ས་གནས་རིམ་པས་ཚོགས་ཆུང་འཚོགས་ཏེ་གནད་ཡོད་མི་སྣ་དག་ལ་ཞུས་རྗེས་བསམ་ཚུལ་འཁྱེར་ཡོང་དགོས་ཚུལ་བརྗོད་ཡོད། མདོ་སྨད་རྒྱུན་ལས་ཀྱི་ངོས་ནས་༧གོང་ས་མཆོག་གི་དབུ་མའི་ལམ་ལ་ཤར་སྐྱོད་དང༌།  ཁོང་གི་དགོངས་གཞི་དེ་ཨང་དང་པོར་དང་དུ་བླངས་པ་ཡིན། དེ་ནི་མདོ་སྨད་མི་དམངས་དང་མདོ་སྨད་ཆོལ་ཁའི་ལངས་ཕྱོགས་ཆགས་ཡོད། ཡིན་ནའང༌། དབུ་མའི་ལམ་གྱི་ཐབས་ལམ་ཐོག་ང་ཚོ་ཚང་མས་གྲོས་བསྡུར་བྱ་དགོས་པ་རེད། མདོ་སྨད་ཆོལ་ཁའི་ངོས་ནས་མི་དམངས་ཀྱི་བསམ་ཚུལ་དེ་ལྟ་སྣང་དང་འཆར་སྣང་ཙམ་མ་ཡིན་པར་དངོས་སུ་ལག་ལེན་བསྟར་ཐུབ་པ་ཞིག་གི་ཐོག་བསམ་ཚུལ་བསྡུ་ལེན་བྱ་དགོས་ཞེས་ལམ་སྟོན་གནང་ཡོད།  ད་ལྟའི་བར་མདོ་སྨད་མི་མང་ནས་ལངས་ཕྱོགས་ལ་འགྱུར་བ་བྱུང་ཡོད་པ་མ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་འགྲོ་དགོས་པ་ཞིག་དང༌། དེ་ལས་ལྷག་པ་ཞིག་ཡོང་གི་རེད་བསམ་གྱི་མེད། མང་ཚོགས་ལ་འདི་ལྟར་བྱེད་དགོས་ཀྱི་རེད་ཅེས་སྐད་ཆ་གཅིག་ཀྱང་མེད་ལ་མི་མང་རང་གི་བསམ་ཚུལ་འཁྱེར་དགོས་པ་རེད།  དབུ་མའི་ལམ་ལས་གཞན་གྱི་བསམ་ཚུལ་ཞིག་ཡོང་གི་རེད་ཅེས་ང་ཚོས་བསམ་གི་མེད། ༧གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་ལྟར་ན་ང་ཚོའི་སྲིད་བྱུས་ལ་འགྱུར་བ་འགྲོ་དགོས་པ་ཞིག་ཆགས་མི་འདུག་བསམ། ཡིན་ནའང༌། ད་ལྟ་འགྲོ་བཞིན་པའི་བོད་རྒྱ་ཞི་མོལ་སོགས་ཀྱི་ཐད་ལ་འགྱུར་བ་འགྲོ་སྲིད་པ་ཞིག་རེད་ལ། རྩ་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐད་འགྱུར་བ་འགྲོ་དགོས་པ་ཞིག་ཏུ་མཐོང་གི་མི་འདུག ཅེས་གསུངས་བྱུང༌།
 
མདོ་སྟོད་དབུས་རྒྱུན་ལས་བེ་རུ་འཇིགས་མེད་ལགས་ཀྱིས། མདོ་སྟོད་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་བཞུགས་མེད་པ་དང༌། རྒྱུན་ལས་དེ་ཚོའི་ངོས་ནས་འགན་བླངས་ཏེ་གྲ་སྒྲིག་བྱེད་དགོས་ཀྱི་ཡོད་པ་དྲན་གྱིན་ཡོད་ཀྱང༌། ད་ལྟའི་ཆར་མདོ་སྟོད་དབུས་རྒྱུན་ལས་ངོས་ནས་ཚོགས་ཆེན་ལ་གྲ་སྒྲིག་དང་འཆར་གཞི་གང་ཡང་མི་འདུག ཅེས་བརྗོད་གཞི་འདིའི་ཐད་གཏམ་བརྗོད་གང་ཡང་སྤེལ་མ་སོང་ཞེས་གསུངས་བྱུང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “ཆོལ་ཁ་དང་ཆོས་རྒྱུད་ཁག་གིས་ཚོགས་ཆེན་ལ་གྲ་སྒྲིག

  1. མྱི་སྨྱོན།

    ཨོ་་་་ཧོ་་་་ཧོ་་་་་་་ འབྲོག་རུ་ཆོས་གྲགས། གསར་བཟོ་ཡིན་འདོག་རེད་མོད། འབབ་ས་གཅིག་ལ་བབ་པ་འདི་འཕངས་ང་ལ། དེ་ལས་དབུ་མ་དང་རང་བཙན་གཉིས་ཀྱི་གང་གལ་ཆེན་ཡིན་པ་བརྗོད་ན་བཟང་། ཐ་སྙད་ལ་རྨོངས་ན་དགོས་དོན་མེད། དོན་དངོས་ཀྱི་བོད་ཀྱི་གནད་དོན་སེལ་ཆེད་ཁྱོད་ཤི་ང་གསོན་བྱེད་དགོས་དམ། ཡང་ན་མི་འཐུད་ནས་དཀོན་མཆོག་ལ་གསོལ་འདེབས་ཀྱིས་ཞབས་རིམ་སྒྲུབ་ན་བཟང་།

  2. འབྲོག་རུ་ཆོས་གྲགས།

    ་དམིགས་བསལ་ཚོགས་ཆེན་འདིའི་སྟེང་ལ་ད་སྐབས་སྐད་ཆ་གཉིས་ཡོང་གི་འདུག ཕལ་ཆེར་འདི་ལྟར་ཚོད་དཔག་བྱས་ན་དམིགས་བསལ་ཚོགས་ཆེན་ཡང་སྐད་ཆ་འདི་གཉིས་ནང་མགོ་འཐོམ་ནས་འདུག་རྒྱུ་རེད་བསམ་གི།
    གཅིག་ནི་ལམ་དབུ་མ་དང་གཅིག་ནི་རང་བཙན་རེད།
    གལ་སྲིད་ང་ཚོས་ད་ཐེངས་ཀྱི་དམིགས་བསལ་ཚོགས་ཆེན་འདི་སྐད་ཆ་འདི་སྐད་གཉིས་ཀྱི་སྟེང་ནས་རྫོགས་འགྲོ་བ་བྱས་ན་རྩ་བ་ནས་འགྲིག་གི་མ་རེད་བསམ་གི། ང་ཚོས་གནས་སྐབས་ཐག་གཅོད་བྱེད་ཡ་ནི་བོད་ས་བདེ་འཇགས་དང་བོད་མི་ལ་རང་དབང་ག་འདྲ་བྱས་ན་ཐོབ་རྒྱུ་རེད་མ་རེད། དེའི་སྐོར་ལ་བཀའ་བསྡུར་བྱེད་རྒྱུ་གཅིག་དང་གཉིས་ནས་བོད་ཀྱི་རྩ་དོན་སྐོར་རེད། དེ་གཉིས་ལས་གཙོ་ཆེ་ཤོས་དེ་ནི་གནས་སྐབས་ཀྱི་བོད་ས་བདེ་འཇགས་དང་བོད་མི་ལ་རང་དབང་ཐོབ་དགོས་གི་འཇུག་རྒྱུའི་ཐབས་ལམ་འཚོལ་རྒྱུ་དེ་གཙོ་བོའི་ནང་གི་གལ་ཆེན་ཆགས་ཡོད་པ་རེད་བསམ་གི།