འཛམ་གླིང་རེག་དུག་གི་ཉིན་མོ་སྲུང་གཙི།

ཚེས་ ༡ ཉིན་ནི་འཛམ་གླིང་ཨེཌསེ་ཉིན་མོ་ཡིན་ལ། བོད་གཞུང་འཕྲོད་བསྟེན་དྲུང་ཚབ་བསོད་ནམས་ཆོས་འཕེལ་མཆོག་དབུ་བཞུགས་ཐོག་ཉིན་མོ་འདི་བཙན་བྱོལ་བོད་གཞུང་གིས་བོད་གཞུང་ཟློས་གར་ཚོགས་ཁང་དུ་སེར་སྐྱ་མི་སྣ་ ༢༠༠ ལྷག་དང་མཉམ་དུ་སྲུང་གཙི་བྱས་ཡོད། སྲུང་གཙི་མཛད་སྒོའི་ཐོག་ཏུ་དཔལ་འབྱོར་བཀའ་བློན་དཔལ་འབྱོར་ཚེ་རིང་ལགས་ཀྱིས་གསུང་འཕྲིན་ཞིག་བསྩལ་ཡོད་པ་སྒྲོག་སྦྱོང་དང༌། བོད་གཞུང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ནས་ཨེཌསེ་ནད་རིགས་འདིའི་འབྱུར་རྐྱེན་དང༌། སྔོན་འགོག་གི་བྱེད་ཐབས། དེ་བཞིན་ནད་རིགས་འདིའི་རྐྱེན་པས་མི་གྲངས་ས་ཡ་མང་པོ་འདས་གྲོངས་སུ་འགྲོ་བའི་གནས་ཚུལ་བཅས་གསུང་བཤད་གནང་བྱུང་ལ། རིམ་པས་ཨེཌསེ་ནད་རིགས་འདི་དང་འབྲེལ་བའི་གཞས་བཏང་བ་དང༌། གཏམ་བརྗོད་འཁྲབ་པ། དེ་དང་འབྲེལ་ནས་རང་རེའི་བོད་མིའི་སྤྱི་ཚོགས་སུ་ནད་རིགས་འདི་འགོས་ཏེ་འདས་གྲོངས་སུ་སོང་བའི་ནད་པ་འགའི་ནང་མིའི་སྙིང་གཏམ་དང༌། བསླབ་བྱ། དེ་བཞིན་ནད་རྟགས་སོགས་ལས་གྲུབ་པའིབརྙན་འཕྲིན་ཞིག་ཀྱང་གཟིགས་འབུལ་གནང་བྱུང༌།

བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་གིས་འཛམ་གླིང་ཨེཌསེ་ཉིན་མོ་ཕུལ་བའི་གསུང་འཕྲིན་བསྩལ་དོན། ཕྱི་ཟླ་ ༡༢ ཚེས་ ༡ ཉིན་མོ་འདི་ནི་ World AIDS Day འཛམ་གླིང་ཨེཌས་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་ཅིང༌། ནད་གཞི་འདིའི་ངོ་བོ་ཐོག་མར་ངོ་འཕྲོད་ཕྱི་ལོ་ ༡༩༨༡ ལོར་བྱུང་བ་དང༌། དེ་ནས་ཚན་རིག་བརྒྱུད་བརྟག་དཔྱད་རིམ་པར་བྱས་ཏེ་དེང་སང་འཛམ་གླིང་ནང་HIV/AIDS ཞེས་པའི་མིང་ཚིག་ཐ་སྙད་ཐོག་ནས་ཡོངས་གྲགས་སུ་གཅིག་གྱུར་ངོས་འཛིན་བྱེད་བཞིན་པ་རེད། དེ་ནས་བཟུང་ཕྱི་ལོ་ ༢༠༠༦ བར་འཛམ་གླིང་སའི་གོ་ལ་འདིའི་ཐོག་ཨེཌས་ན་ཚའི་རྐྱེན་གྱིས་མི་གྲངས་ས་ཡ་ཉི་ཤུ་྄རྩ་ལྔ་འདས་གྲོངས་སུ་གྱུར་ཟིན་པ་དང༌། HIV ནད་གཞི་ཡོད་པ་མི་གྲངས་ས་ཡ་བཞི་བཅུ་ཙམ་ཡོད་པ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ཉམས་ཞིབ་གསལ་བསྒྲགས་གནང་ཡོད་ན། རང་རེའི་བོད་སྐད་དུ་ནད་གཞི་འདིར་གཉན་ནད་རེག་དུག་ཅེས་པའི་ཐ་སྙད་ཐོག་ནས་ངོ་སྤྲོད་བྱེད་བཞིན་པ་འདི་དེང་སང་འཛམ་གླིང་ནང་ཁྱབ་གདལ་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་པ་ཡོངས་གྲགས་ཡིན་ཅིང༌། དཔེར་ན་ཨཕི་རིཀའི་ཡུལ་གྲུ་ཁག་གི་ནང་ནད་གཞི་འདི་ཁྱབ་གདལ་ཤུགས་ཆེ་ཕྱིན་པའི་རྐྱེན་གྱིས་དེང་སང་ཡུལ་མི་ཚོའི་འཕྲོད་བསྟེན་ཐོག་དཀའ་ངལ་ཇི་སྙེད་ཅིག་འཕྲད་བཞིན་པ་མ་ཟད། མི་རིགས་འཚོ་གནས་མི་ཐུབ་པའི་ཉེན་ཚབས་ཅན་དུ་གྱུར་ཡོད། དེ་བཞིན་དེང་སྐབས་གླིང་ཕྲན་ཨེཤེ་ཡར་ཆ་མཚོན་ན་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་གཙོས་ཡུལ་གྲུ་མང་པོའི་ནང་ནད་གཞི་འདི་འགོས་ཁྱབ་ཀྱི་མྱུར་ཚད་ལོ་ཁ་ཤས་སྔོན་ལས་ཆེས་མྱུར་དུ་སོང་ཡོད་པ་ཉམས་ཞིབ་པ་མང་པོས་བརྟག་དཔྱད་བརྒྱུད་ཤེས་རྟོགས་ཡོང་བཞིན་པར་བརྟེན། རང་རེའི་བཙན་བྱོལ་སྤྱི་ཚོགས་རྒྱ་ཆེ་བ་རྒྱ་བལ་འབྲུག་གསུམ་གྱི་ནང་གཞིས་ཆགས་ཡོད་པ་དང༌། དེ་ཡང་འཚོ་བའི་འདུ་འགོད་ཆེད་དབྱར་ས་དང་དགུན་ས་ལྟ་བུར་ས་ཁུལ་གྲོང་འཁྱེར་གང་སར་འགྲུལ་གནས་བྱེད་བཞིན་པར་སོང༌། རང་རེའི་སྤྱི་ཚོགས་ནང་ནད་གཞི་འདི་མངོན་མེད་དུ་བསླེབ་གཞི་དང་ཉེན་ཁ་ཧ་ཅང་ཆེན་པོ་མཐོང་གི་འདུག ལྷག་པར་ནད་གཞི་འདི་ཡོད་མེད་བརྟག་དཔྱད་མ་བྱས་བར་ནད་རྟགས་གང་ཡང་མེད་པའི་དབང་གིས་སྤྱི་ཚོགས་ནང་སྣང་མེད་དུ་ཁྱབ་འཕེལ་འགྲོ་སྟངས་ཀྱི་བརྒྱུད་ལམ་འགའ་ཞིག་ཡོད་པ་ནི། འཁྲིག་སྤྱོད་དམ་ལུས་འབྲེལ་བྱེད་བོད་མི་ཚང་མས་མི་རིགས་ལ་ཉེན་ཚབས་ཆེ་བའི་ནད་གཞི་འདི་བརྟག་དཔྱད་བྱ་རྒྱུ་རང་དོན་རང་གཅེས་ཀྱི་དོ་ཁུར་ལེན་རོགས་གནང་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། འདི་ལྟ་བུའི་རེ་སྐུལ་བྱ་དགོས་དོན་ནི་སྒེར་སོ་སོའི་ཚེ་སྲོག་དང་འཕྲོད་བསྟེན་ཙམ་མིན་པར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་གནད་དོན་ལ་ཐུག་ཡོད། དེ་ནི་བོད་ནང་དུ་རྒྱ་ནག་གཞུང་གི་སྲིད་བྱུས་འོག་བོད་མི་རྣམས་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་བཞིན་པ་མ་ཟད། མི་རིགས་རྒྱལ་ཞེན་གྱི་གནད་དོན་ཅུང་ཟད་ཐོན་པར་ཡ་ང་ཐེ་ཚེམ་མེད་པར་ཚེ་སྲོག་འགྲོ་དགོས་པ་འདི་འདྲའི་གནས་སྐབས་སུ་བོད་ཀྱི་ཕྱི་ལོགས་སུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་ནད་གཞི་འདི་མངོན་མེད་དུ་ཁྱབ་སྟེ་མི་རིགས་རྩ་བརླག་ཏུ་གཏོང་ཉེན་མཐོང་གི་འདུག་ན། གལ་ཆེ་དོན་ཆེར་རྩིས་ཏེ་འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་འཛམ་གླིང་ AIDS ཉིན་མོ་ནས་བཟུང་རྗེས་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ བར་འདི་ནས་ས་ཁུལ་ཆ་བགོས་ཀྱི་ལས་རིམ་གསལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་ཟིན་པ་ལྟར་བོད་མི་རྣམས་ནས་ HIV/AIDS ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་བྱ་རྒྱུ་ཡིན་པ་དང༌། ནད་རྟགས་ངོ་འཕྲོད་བྱུང་རིགས་རྣམས་ལ་སྨན་བཅོས་མཐུན་འགྱུར་ཡང་ཐབས་ཤེས་ཞུ་རྒྱུ་ཡིན་ཅིང༌། ཚང་མས་ཤེས་དགོས་གལ་ཞིག་ལ་སྤྱིར་བཏང་ HIV ནད་གཞི་འདི་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་ན་སྨན་བཅོས་དུས་ཐོག་འགོ་འཛུགས་ཐུབ་ཚེ་སོ་སོའི་ལོ་ཚད་ཇི་ཡོད་རིང་ཐང་པོ་བྱས་ཏེ་འཚོ་གནས་ཐུབ་ཀྱི་ཡོད་པ་ཕྱི་རྒྱལ་ཉམས་ཞིབ་པ་མང་ཆེ་བས་ངོ་སྤྲོད་བྱེད་ཀྱི་ཡོད། འོན་ཀྱང་ རྐྱགྲཁྔ ནད་གཞིར་མ་འགྱུར་བར་བརྟག་དཔྱད་མ་བྱས་པར་བསྡད་ཚེ་ཧ་ཅང་འགྱོད་པ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་ནི། བརྟག་དཔྱད་བྱེད་རྒྱུ་འགན་ཁུར་དང་ལེན་མ་བྱས་པའི་རྐྱེན་གྱིས་ཚེ་སྲོག་བློས་གཏོང་རྒྱུ་ལས་ཐབས་ཤེས་གཞན་མེད་པ་མིག་མཐོང་ལག་ཟིན་ཡོད་པར་བརྟེན། དེ་ལུགས་ཚང་མས་སོ་སོ་སྒེར་ལ་མ་བསམ་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་སྙིང་དབུས་སུ་བཅངས་ཏེ། ནད་གཞི་འདི་ལ་འཐབ་འཛིང་བྱ་རྒྱུར་ང་ཚོར་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply