དམིགས་ཡུལ་གཅིག འཐབ་རྩོད་གཅིག འབོད་སྒྲ་གཅིག

བླ་སྤྲུལ་ཚོས་མིག་དཔེར་ལྟ་འོས་པའི་ལས་འགུལ་སྣེ་ཁྲིད་པ་དང༌། རང་བཙན་འཐབ་རྩོད་པ་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་གི་ལས་དོན་དང་འབྲེལ་བོད་དོན་དམིགས་བསལ་ཚོགས་ཆེན་སྐོར་གྱི་དྲི་བ་ཁག་ཅིག་བཏོན་པ་གཤམ་བསལ་ལྟར་ཡིན།

དྲི་བ། ཐོག་མར་རིན་པོ་ཆེ་མཆོག་གི་འདས་པའི་ལོ་རྒྱུས་ཉུང་བསྡུས་ཤིང་ངོ་སྤྲོད་གནང་རོགས།

ལན། ང་རང་སྐྱེས་ས་བོད་ཨ་མདོ་མཚོ་སྔོན་ཡིན། རང་ལོ་ ༡༣ བར་གཞི་རིམ་སློབ་གྲྭར་སོང་བ་ཡིན། དེའི་རྗེས་སུ་གྲྭ་བ་བྱས་ཏེ། དགོན་པའི་ཆོ་ག་ཕྱག་ལེན་ལ་སློབ་གཉེར་དང༌། ཞོར་དུ་མཚོ་སྔོན་ནང་བསྟན་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ཁུལ་རེད། ༡༩༩༧ ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་སྟེ། ལྷོ་ཕྱོགས་སེ་ར་དགོན་པ་ནས་སློབ་གཉེར་གྱི་ཞོར་དུ་ ༡༩༩༩ ཙམ་ནས་ཅང་ཤེས་རྨིག་སྒྲ་རྩོམ་སྒྲིག་ཚོགས་པ་གསར་འཛུགས་ཀྱིས་སློབ་སྟོན་པའི་འགན་དང༌། ༢༠༠༤ ཡས་མས་ནས་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་གསར་འཛུགས་དང་སློབ་སྟོན་པའི་མིང་དེ་དང་ལེན་བྱས་པ་ཡིན། ད་ལོ་གཞོན་ནུས་གོ་སྒྲིག་བྱས་པའི་ཞི་བའི་གོམ་བགྲོད་ནང་ཞུགས་ཤིང༌། གོམ་བགྲོད་དེ་ལམ་ལྷུང་མ་བྱུང་སྟབས། རང་ངོས་ནས་ལས་འགུལ་ཞིག་རྩོམ་དགོས་སྙམ་སྟེ། ཕྱིར་རང་ཡུལ་དུ་ལོག་པ། ཞེས་པའི་ལས་འགུལ་དེ་བརྩམས་པ་ཡིན་ལ། མ་འོངས་པར་ཡང་ལས་འགུལ་དེ་མཇུག་སྐྱོང་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད།

དྲི་བ། ཉེ་ཆར་སྤྱི་ཟླ་བཅུ་གཅིག་པའི་ནང་གི་བོད་དོན་དམིགས་བསལ་ཚོགས་ཆེན་ཐད། རིན་པོ་ཆེ་མཆོག་ལ་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་གཞིས་བྱེས་གཉིས་ནང་ཚོགས་ཆེན་འདིར་ཧ་ལས་བའི་རེ་བ་ཆེན་པོ་བརྒྱབས་ཡོད། ང་ལ་མཚོན་ནའང་ཚོགས་ཆེན་འདིའི་ཆེད་སྐད་ཆ་བཤད་དུ་འགྲོ་བ་དང༌། བགྲོ་གླེང་གོ་བསྡུར་བྱས་པ། བརྒྱུད་ལམ་འདྲ་མིན་ནས་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱས་པ་སོགས་ལ་དུས་ཚོད་བཏང་སྟེ། སོ་སོའི་ཡིག་ཚད་ཀྱང་སྦྱོང་མ་ཐུབ་པ་ཞིག་བྱུང༌། མི་སྒེར་བ་མང་པོ་ཞིག་གིས་ཚོགས་ཆེན་ཐད་དུས་ཚོད་བཏང་བ་དང་འགྲོ་སོང་བཏང་བ་ཉུང་ཉུང་མ་རེད། ང་གཅིག་པུ་མ་རེད། བོད་གཞིས་བྱེས་གཉིས་ནས་ཚོགས་འདུ་ཞིག་ལ་འདི་ལྟ་བུའི་རེ་བ་ཆེན་པོ་ཞིག་སྔར་བརྒྱབས་མྱོང་ཡོད་པ་མ་རེད། འོན་ཀྱང༌། གནད་ཡོད་མི་སྣ་མང་པོ་ཞིག་ངྷ་སར་ཡོང་ནས་ཉིན་གྲངས་དྲུག་རིང་འཚོགས་པའི་མཇུག་འབྲས་འདིས། ང་རང་ཡིད་མ་ཆེས་པ་དང༌། ཧ་ལས་དགོས་པ་བྱུང་སོང༌། ཁང་སྟོང་ཞིག་ཏུ་སླེབས་པ་བཞིན་སེམས་པ་ཡོངས་སུ་འཁྱགས་སོང༌།ང་བཙན་རྩོད་མཁན་ཞིག་ཡིན་པའི་ཆ་ནས་རང་བཙན་སྟེང་ལ་ཐག་གཅོད་མ་བྱུང་བའི་རྒྱུ་མཚན་མ་རེད། ༧གོང་ས་མཆོག་གིས། ང་ཐང་ཆད་གི་འདུག་གསུངས་པ་དེ། རྒྱ་ནག་གིས་སྐྱག་རྫུན་བཤད་ཀྱིན་འདུག མགོ་སྐོར་གཏོང་གིན་འདུག་གསུང་གིན་ཡོད་པ་རེད། ང་ཚོས་གོ་ནོར་ཐེབས་པ་བཞིན། ང་ཚོའི་བསམ་པ་རྣམ་དག་ཡིན། དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད། ༧གོང་ས་མཆོག་གསུང་བརྩི་རྒྱུ་ཡིན་ཟེར་ནས་ལས་འགན་ཡོད་ཚད་བསྐྱར་དུ་༧གོང་ས་མཆོག་གི་སྟེང་ལ་སྤུངས་སོང༌། དེར་ང་རང་བློ་ཕམ་ཆེན་པོ་ཡོད། ༧གོང་ས་མཆོག་གིས་ཚོགས་ཆེན་བསྐོང་དགོས་པའི་དམིགས་འབེན་ཤོར་སོང༌།

དྲི་བ། ཐོག་མར་སྐུ་ཉིད་ཀྱིས་ཐེངས་འདིའི་ཚོགས་ཆེན་སྟེང་ཐག་གཅོད་དང་གྲུབ་འབྲས་གང་འདྲ་ཞིག་ཡོང་རྒྱུར་ཚོད་དཔག་བྱས་ཡོད་དམ།

ལན། སྤྱི་ཡོངས་ཀྱི་ཆ་ནས་གནད་དོན་མང་པོ་གླེང་སློང་གོ་བསྡུར་ཡོང་གི་རེད། དེ་ལས་གནད་དོན་གལ་ཆེན་ཁག་གསུམ་གྱི་ཐད་ཐག་གཅོད་ཁ་གསལ་ཡོང་ཤག་བྱས་ཡོད། དང་པོ། ཐོབ་དཀའ་བའི་གོ་སྐབས་འདི་དམ་འཛིན་བྱས་ཏེ། རྒྱལ་སྤྱིའི་སྟེང་གི་༧གོང་ས་མཆོག་ལ་ཆེ་མཐོང་དང་གཟེངས་རྟགས་ཕུལ་མཁན་ཚོར། ཁྱོད་ཚོས་དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་ལ་ཆེ་མཐོང་བྱེད་ཀྱིན་ཡོད་ན། རྒྱ་ནག་གིས་འདི་ལྟ་བུའི་སྐྱོན་བརྗོད་བྱེད་ཀྱིན་འདུག དེ་ལ་འགན་འཁུར་དགོས་པ་རེད། ཅེས་ཞུ་གཏུགས། གཉིས་པ། གཞུང་དམངས་ཡོངས་མགྲིན་གཅིག་དབྱངས་གཅིག་གིས་རང་བཙན་གྱི་ལམ་དུ་ཞུགས་ཏེ། ནུས་པ་བོད་ནང་སླེབས་ཐུབ་པའི་ལས་འཆར་བཟོ་བ། གསུམ་པ། འདས་པའི་ལོ་ངོ་ལྔ་བཅུའི་རིང་གི་ལས་དོན་བསྐྱར་ཞིབ་ཀྱིས་བཟང་བོར་དཔའ་དར་དང་ངན་པར་ཉེས་ཆད་ལག་བསྟར། ང་ཚོའི་སྤྱི་ཚོགས་ནང་གོ་གནས་ཕབ་པའི་ལུགས་སྲོལ་གཏན་ནས་ཡོད་པ་མ་རེད། དགེ་སྐྱོན་ཁ་གསལ་བཟོས་ཏེ་སྒྲིག་གཞི་ལག་བསྟར་བྱ་དགོས་པ་རེད་དྲན་ཡོད།

ྲི་བ། རིན་པོ་ཆེ་མཆོག་གིས་སྔོན་མ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཀྱང༌། ད་ལོ་ཆབ་སྲིད་ལངས་ཕྱོགས་འགྱུར་བ་བཏང་སྟེ་རང་བཙན་བདམས་དོན་ཅི་ཡིན་ནམ།

ལན། བདེན་པ་རེད། སྔོན་མ་ང་རང་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་མཁན་ཞིག་ཡིན་ཞིང༌། གསར་འགྱུར་བརྒྱུད་ལམ་ཁག་ཏུའང་དབུ་མའི་ལམ་གྱི་ཐོག་ལ་སྐད་ཆ་བཤད་བསྡད་པ་ཡིན། ཉེ་ཆར་ནས་ང་རང་དབུ་མའི་ལམ་ལ་ངོ་ལོག་པ་ཆགས་ཏེ་རང་བཙན་གཙང་མའི་ལམ་དུ་ཞུགས་པ་རེད། དེ་གང་ཡིན་ཟེར་ན། ཕྱོགས་གཅིག་ནས་གཞུང་གི་ངོས་ནས་དབུ་མའི་ལམ་ལས་གཞན་པའི་ལངས་ཕྱོགས་འཛིན་མཁན་ཆ་ཚང་གཞུང་དང༌། ༧གོང་ས་མཆོག་དང་རྒྱབ་འགལ་ཡིན་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད༌། ང་རང་གིས་རང་བཙན་བདམས་པ་ཡིན་ན་དཀའ་ངལ་དེ་སེལ་འགྲོ་བ་རེད་བསམ་ཡོད། གཉིས་པ། ང་ཚོ་དབུ་མའི་ལམ་གྱི་སྟེང་ནས་ཕྱི་བཤོལ་ནས་ཡང་བཤོལ་བརྒྱབས་ཏེ།ུགས་རྗེ་གཟིགས་ཕྱིར་བོད་ནང་དུ་ཡོང་གི་འཇུག་རོགས་ཟེར་རྒྱུའི་ཚད་དུ་སླེབས་ཏེ། རང་གི་མི་དམངས་ཀྱིས་རང་གི་གཞུང་ལ་ངོ་རྒོལ་བྱེད་གྲབས་འདུག་ལ། སོ་སོ་ཡང་དེ་ལ་འདོད་པ་ཁྱོན་ནས་མ་ཚིམ་པར་རང་བཙན་བདམས་པ་ཡིན། ཕྱིར་རང་ཡུལ་དུ་ལོག་པ་ཟེར་བའི་ལས་འགུལ་སྐབས། ལངས་ཕྱོགས་གང་ཡིན་ཟེར་ན། དམིགས་ཡུལ་གཅིག འཐབ་རྩོད་གཅིག འབོད་སྒྲ་གཅིག ཟེར་གྱིན་ཡོད། དམིགས་ཡུལ་གཅིག་དེ་བོད་རང་བཙན། འཐབ་རྩོད་གཅིག་དེ་འཚེ་མེད་ཞི་བའི་ལམ། འབོད་སྒྲ་གཅིག་དེ་བོད་རང་བཙན་ཟེར་རྒྱུ་དེ་རེད། དེ་ལྟར་ཐབས་ལམ་གསུམ་གྱིས་བོད་རང་བཙན་གྱི་ལྟ་བར་འགྲེལ་བཤད་རྒྱག་གིན་ཡོད། རྒྱ་གར་ནས་བསྡད་ཀྱང་ནམ་ཞིག་ཤི་རྒྱུ་རེད། དེ་བས་འཚེ་མེད་ཞི་བའི་ཐོག་ནས་བོད་ནང་སྐྱོད་དེ། རྒྱ་ནག་གི་མེ་མདའི་འོག་ཤི་ན་དོན་དང་ལྡན་པ་རེད། ང་ཚོའི་མི་བཅུ་ནས་བརྒྱ། སྟོང་ནས་ཁྲི་ལག་པ་ཐལ་མོ་སྦྱར་ནས་རྒྱ་ནག་གི་དྲག་སྤྱོད་འོག་འགྲོ་དགོས་པ་རེད། འཛམ་གླིང་ལ་གནས་ཚུལ་གསར་བ་བཟོ་དགོས་པ་རེད། རྒྱ་ནག་ལ་ཨུ་ཐུགས་ཐབས་ཟད་བཟོ་དགོས་པ་རེད། རེ་ཟུང་གིས་རང་བཙན་བརྩད་ན་འཛམ་གླིང་གི་རྒྱབ་སྐྱོར་རག་གི་མ་རེད་ཟེར། དེ་བདེན་པ་མ་རེད། ད་བར་འཛམ་གླིང་གིས་བོད་དོན་ལ་རྒྱབ་སྐྱོར་ཞུས་པ་དབུ་མའི་ལམ་མ་རེད། འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་བྱས་པ་དེ་རེད།

དྲི་བ། ད་ལོའི་སྤྱི་ཟླ་བརྒྱད་པར་རིན་པོ་ཆེ་མཆོག་གིས་སྣེ་ཁྲིད་པའི་ཕྱིར་རང་ཡུལ་དུ་ལོག་པ་ཞེས་པའི་གོམ་བགྲོད་སྐབས་ཉམས་མྱོང་དང་ཚོར་བ་གང་འདྲ་བྱུང་སོང་ངམ།

ལན། སྐབས་དེར་ང་ཚོ་ཚང་མ་བོད་ནང་འཛུལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། གལ་ཏེ་འཆར་གཞི་ལམ་ལྷུང་མ་བྱུང་བར་རྒྱ་གར་ཉེན་རྟོག་པས་བཀག་འགོག་སོགས་ཀྱི་གནས་ཚུལ་བྱུང་ན། རང་ཤི་རྒྱག་དགོས་སྙམ་པའི་སེམས་ཚོར་ཆེན་པོ་ཞིག་བྱུང་ཡོད། འོན་ཀྱང་དངོས་སུ་མགོ་འཛུགས་བྱས་ཏེ། སོ་སོས་སྣེ་ཁྲིད་དེ་གོམ་པ་རྒྱག་སྐབས། ཨོ། མི་རིགས་ཀྱི་འཐབ་རྩོད་ཟེར་བ་དེ་ཐེངས་གཅིག་གཉིས་ཀྱིས་བསྒྲུབ་ཐུབ་པ་ཞིག་མ་རེད། ལྷག་པར་དུ་མིའི་ལུང་པ་ཞིག་ནས་འཐབ་རྩོད་བྱས་ན། དཀའ་ངལ་དང་ཉེན་ཁ་མང་པོ་ཞིག་བརྒྱུད་དགོས་པ་གསལ་བོ་ཤེས་སོང༌། དུས་དེ་ནས་བཟུང་མི་དམངས་ལ་ཡིད་ཆེས་དང་འཚེ་མེད་ཞི་བའི་ལམ་ལ་བརྟེན་ཏེ། ཕྱིར་རང་ཡུལ་དུ་ལོག་རྒྱུ་ཐབས་ལམ་ཡག་ཤོས་ཤིག་ཡིན་པར་ངེས་ཟིན་བྱུང་སོང༌།

དྲི་བ། རིན་པོ་ཆེ་མཆོག་གིས་མང་ཚོགས་ཀྱི་སྣེ་ཁྲིད་བྱས་ཏེ། རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་དངོས་སུ་ཞུགས་རྒྱུའི་ཐུགས་འདོད་ཇི་ལྟར་འཁྲུངས་སོང་ངམ།

ལན། དེ་ལ་རྒྱུ་རྐྱེན་ཁ་ཤས་ཡོད། དང་པོ། ང་རང་གིས་བོད་ནས་ཡོང་བ་ཕལ་ཆེ་བ་ཆབ་སྲིད་ཀྱི་སྐྱབས་བཅོལ་བར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ང་རང་ཡང་སྔོན་མ་ནས་ཆབ་སྲིད་ལ་དོ་སྣང་ཡོད་ཀྱང༌། ༧སྐུ་མདུན་ཐུགས་ཉེ་རྒྱུ་མ་རེད་སྙམ་སྟེ། ཆབ་སྲིད་ལ་ལག་པ་འཆང་མ་ཕོད། ད་ལོ་བོད་ནང་དེ་འདྲའི་དམར་གསོད་ཆེན་པོ་ཞིག་བྱུང་སྐབས། སོ་སོ་འདུག་མ་ཚུགས་པར་ལས་འགུལ་ནང་མཉམ་ཞུགས་བྱས་དགོས་བྱུང་སོང་ལ། བླ་སྤྲུལ་གཞན་ཚོ་ཡང་ཁྲི་ཐོག་ནས་ལྷོད་ལྷོད་ངང་བཞུགས་ཏེ། ཁ་རྒྱག་པ་བཤད་རྒྱུའི་དུས་ཚོད་ཅིག་གཏན་ནས་མ་རེད་སྙམ་པ་བྱུང་སོང༌། གཉིས་པ། ང་ཚོར་རེ་བ་ཅུང་ཡོད་པའི་དུས་སུ་སླེབས་ཡོད། དུས་ཚོད་འདི་དམ་འཛིན་བྱས་ཏེ་ང་ཚོ་ཚང་མས་མཉམ་རུབ་བྱ་གལ་ཆེ། རྒྱལ་སྤྱིའི་སྟེང་ན་བོད་དོན་ལ་བལྟས་ཡོད། འདི་ནས་ཤུགས་ཆེན་པའི་འོས་ལངས་བྱས་ན། བོད་ནང་ནས་རང་བཞིན་གྱིས་ཡར་ལངས་རྒྱག་གི་རེད། བོད་མི་ཚོས་འདས་པའི་ལོ་ངོ་ལྔ་བཅུའི་རིང་སྡུག་པོ་མྱངས་ཡོད་ལ། ལྷག་པར་དུ་ལོ་འདི་འགར་བོད་པ་ཅི་ཙམ་བསད་སོང༌། དེ་ལས་མང་པོ་ཞིག་ད་དུང་ཡང་བཙོན་འོག་ན་མནར་གཅོད་མྱོང་བཞིན་ཡོད། འདི་དག་ལ་བསམ་བློ་བཏང་སྟེ་རང་བཞིན་གྱིས་འདུག་མ་ཐུབ་པ་ལྟ་བུ་ཆགས་སོང༌།

དྲི་བ། སྤྱིར་བོད་ཕྱི་ནང་གཉིས་ཀའི་བླ་སྤྲུལ་ཚོས་ཆབ་སྲིད་ལ་དེ་ཙམ་དོ་སྣང་མི་བྱེད་པ་མ་ཟད། དངོས་སུ་ལས་འགུལ་སྣེ་ཁྲིད་བྱེད་མཁན་ཤིན་ཏུ་དཀོན་དོན་ཅི་ཡིན་ནམ།

ལན། རྗེ་བདག་ཉིད་ཆེན་པོས། བསམ་པར་གཞན་དོན་བཟུང་ན། རང་དོན་ཞོར་ལ་འགྲུབ་ཡོང་གསུངས་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་ན། དེ་ནི་གཞན་ཕན་ཞིག་རེད་སྙམ་ཡོད། སྔོན་མ་ཕྱི་རྒྱལ་བ་ཚོར་འདི་ལྟར་ལབ་རྒྱུ་བྱུང༌། དབྱིན་ཡིག་ནང་ཆབ་སྲིད་ཟེར་བ་དེ་སྡུག་ཅག་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང༌། ནང་ཆོས་ཀྱིས་ཆབ་སྲིད་སྡུག་ཅག་ཅིག་ལ་ངོས་འཛིན་བྱེད་ཀྱིན་མེད། འཇིག་རྟེན་གྱི་བྱ་དངོས་གང་ཞིག་ཡིན་རུང་འགྱུར་ལྡོག་ཅན་ཞིག་ཡིན་སྟབས། ཆབ་སྲིད་པ་ཡག་པོ་ཞིག་གི་ལག་ནས་ཆབ་སྲིད་དེ་ཆོས་ལུགས་ཆགས་གི་རེད། མི་སྡུག་ཅག་ཅིག་གིས་ཆབ་སྲིད་སྣེ་ཁྲིད་བྱས་ན་དུག་ལྟ་བུ་རེད། སྔོན་ཆོས་རྒྱལ་ཁྲི་སྲུང་ལྡེ་བཙན་གྱིས་ཆབ་སྲིད་ཐོག་ནས་མི་དམངས་ལ་བྱམས་སྐྱོང་བྱས་ཡོད་སྟབས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཟེར་གྱིན་ཡོད། གྷན་ངྷི་དང་༧གོང་ས་མཆོག་ལྟ་བུར་མཚོན་ནའང་ཆབ་སྲིད་ཀྱི་ཕྱག་ལས་གནང་ཡོད་ཀྱང༌། ཆོས་ལུགས་དང་འགལ་ཡོད་པ་མ་རེད། རྒྱལ་སྲས་བྱང་ཆུབ་སེམས་དཔའི་བྱ་བ་གཙོ་བོ་མི་གཞན་གྱི་ཆེད་དུ་སོ་སོ་བློས་གཏོང་བྱེད་པ་དེ་རེད། ལྷག་བསམ་རྣམ་དག་གིས་གཞན་དོན་དང་སྤྱི་དོན་ལ་ལས་ཀ་བྱས་ན་དེ་ཆོས་རེད་སྙམ། ང་ལ་མཚོན་ན་མི་རིགས་ཀྱི་ཆེད་དུ་སོ་སོ་བསྡད་མ་ཤེས་པ་དང༌། སྡོད་མི་ཐུབ་པ་འདྲ་བོ་ཞིག་ཆགས་ཡོང་གིན་འདུག ལྷག་པར་དུ་ད་ལོ་བོད་ནང་དོན་རྐྱེན་བྱུང་སྐབས། མིག་ལམ་དུ་མི་མང་པོ་ཞིག་ཁྲག་གི་ནང་ནས་ཡར་ལངས་ཏེ། སྐད་འབོད་རྒྱག་གིན་ཡོད་པ་ལྟ་བུ་འཆར་གྱིན་འདུག སྐབས་དེར་སོ་སོ་ཡང་རྒྱུག་བཞག་ན་སྙམ་པ་འདུག

དྲི་བ། དགོན་པའི་བཅའ་ཁྲིམས་དང་དགེ་འདུན་པའི་འདུལ་ཁྲིམས། དེ་བཞིན་ཁང་ཚན་དང་བླ་བྲང་ནང་ཁུལ་གྱི་སྒྲིག་གཞི་སོགས་ཀྱི་ཐད་ནས་ཆབ་སྲིད་ལས་འགུལ་ནང་ཞུགས་རྒྱུར་འགོག་རྐྱེན་འདྲ་འདུག་གམ།

ལན། དགོན་པའི་བཅའ་ཁྲིམས་ནང་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་མི་ཆོག་ཟེར་བ་དེ་འདྲ་ཡོད་པ་མ་རེད་ལ། ལོ་འགའི་སྔོན་ནས་ཆབ་སྲིད་ལས་འགུལ་ནང་ཞུགས་རྒྱུར་དགོན་པའི་དམིགས་བསལ་གྱིས་གུ་ཡངས་བྱེད་ཀྱིན་འདུག སོ་སོའི་བླ་བྲང་དང་སྒེར་ངོས་ནས་དཀའ་ངལ་ཕྲན་བུ་ཡོད་མོད། དེ་རང་འདི་ནས་གསལ་བཤད་ཞུ་འདོད་མི་འདུག སྤྱི་ཚོགས་ནང་དུ་བླ་མ་ཞིག་ཆབ་སྲིད་ནང་ཞུགས་ན་དགའ་མཁན་དཀོན་པོ་རེད། འོན་ཀྱང༌། ང་རང་ཉིད་ཀྱི་དགེ་རྒན་དང༌། བརྩི་བཀུར་བྱ་ཡུལ་གནད་ཡོད་མི་སྣ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་སྟབས། སོ་སོའི་ལམ་ཁ་འདི་ནོར་མི་འདུག་སྙམ་པའི་སེམས་ཤུགས་དང༌། སྐད་ཆ་འདྲ་མིན་བཤད་མཁན་ཡོད་ཀྱང༌། བློ་འགྱོད་དང་ཡིད་ཆད་གང་ཡང་མི་འདུག ང་ཚོར་སྔོན་མ་ནས་ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆ་ཡོད། ད་ཆར་བླ་སྤྲུལ་ཚོ་མདུན་དུ་བུད་དེ་ཆབ་སྲིད་སྣེ་ཁྲིད་བྱེད་པའི་དུས་རེད། བོད་ནང་གྲྭ་བ་མང་པོའི་ཚེ་སྲོག་ཤོར་ཡོད། བླ་སྤྲུལ་མང་པོ་བཙོན་ནང་བཅུག་ཡོད། ང་ཚོས་འདུལ་ཁྲིམས་སྲུང་དགོས་ན་འདྲ་ལ། ཆོས་ལུགས་སྲུང་དགོས་ནའང་འདྲ། སྲུང་སྐྱོབ་བྱ་ཡུལ་གྱི་ས་དེར་སྔོན་ལ་འཐབ་རྩོད་བྱ་དགོས། རང་གི་རིག་གཞུང་གཞན་གྱི་ལུང་པ་ནས་སྲུང་སྐྱོབ་བྱས་ན་ནམ་ཞིག་སྟོང་འགྲོ་བ་རེད། ས་དེར་བརྩོན་ལེན་བྱེད་པར་གང་ཟག་སོ་སོ་འཐབ་རྩོད་ནང་དངོས་སུ་ཞུགས་དགོས་པ་རེད་མ་གཏོགས། རིག་གཞུང་གིས་འཐབ་རྩོད་བྱེད་གི་མ་རེད། 

དྲི་བ། རིན་པོ་ཆེ་མཆོག་གིས་དངོས་སུ་ལས་འགུལ་སྣེ་ཁྲིད་བྱས་ཏེ། ཆབ་སྲིད་ཐད་ཕྱག་ལས་གནང་བའི་གོ་རིམ་ཁྲོད་གནོན་ཤུགས་དང་དཀའ་ངལ། ཡང་ན་སྤྱི་ཚོགས་ཀྱི་ལྟ་སྟངས་གང་འདྲ་ཡོང་གིན་འདུག་གམ།

ལན། ད་བར་དཀའ་ངལ་དང་གནོན་ཤུགས་དེ་འདྲ་ཐད་ཀར་སླེབས་མ་སོང༌། སྤྱི་ཚོགས་ནང་ཐོན་ཚར་བའི་རྗེས་སུ་ལེགས་པ་དང་ཉེས་པའི་སྐད་ཆ་འདྲ་མིན་ཞིག་ཡོང་བསྡད་པ་དེ་ཆོས་ཉིད་ལྟ་བུ་ཆགས་ཡོད། དེ་ལ་སྔོན་མ་ནས་གདོང་ལེན་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། མི་གཅིག་གཉིས་ཀྱིས་མི་དགའ་བ་ཞིག་ལབ་ཀྱིན་འདུག་ཟེར་ནས་ལས་དོན་ཕྱིར་འཐེན་རྩ་བ་ནས་མི་བྱེད། སྔོན་མ་སོ་སོ་སྒེར་ངོས་ནས་དཀའ་ངལ་མང་པོར་གདོང་ལེན་བྱས་མྱོང་བ་དེ་འདྲ་ཡིན། ངས་སྔོན་མ་འདི་ལྟར་ལབ་མྱོང༌། གལ་ཏེ་མ་འོངས་པར་ང་ཆབ་སྲིད་པ་རླབས་ཆེན་ཞིག་ཆགས་རྒྱུ་བྱུང་ན། དེ་ནི་ངའི་སྟེང་ལ་མི་དགའ་མཁན་དག་གིས་ང་ལ་ཆེད་དུ་གོ་སྐབས་སྤྲད་པའི་འབྲས་བུ་ཡིན། ཞེས་ལབ་པ་ཡིན། ང་ལ་སྐྱོན་བརྗོད་བྱ་རྒྱུ་ཡོད་ཚད་བྱས་མྱོང་ལ། ང་རང་ནག་པོ་བཟོ་རྒྱུ་ཡོད་ཚད་བཟོས་མྱོང༌། ང་རང་ཆུང་དུས་ནས་རྙོག་དྲ་མང་པོའི་ནང་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག་ཡིན། འོན་ཀྱང༌། མང་པོ་ཞིག་གིས་བསམ་བློས་རྒྱབ་སྐྱོར་ཡོད་པའི་སྣང་ཚུལ་འདུག ས་གནས་དང་གདན་ས་ཁག་གང་ལ་སོང་ཡང༌། མི་དམངས་ཚོས་སྔར་ལས་ལྷག་པའི་གུས་བཀུར་དང་ཆེ་མཐོང་བྱེད་ཀྱིན་འདུག མཚམས་རེར་སོ་སོ་དོགས་མི་བདེ་བ་དང་ངོ་གནོངས་དགོས་པ་ཆགས་ཀྱིན་འདུག གང་ཡིན་ཟེར་ན། སོ་སོས་གང་ཡང་འཇོན་མེད། མི་དམངས་ཀྱི་དོན་དུ་གྲུབ་འབྲས་ཅན་གྱི་ལས་ཀ་སྣ་གཅིག་ཀྱང་སྟོན་རྒྱུ་མེད་ཀྱང༌། སྤྱི་ཚོགས་ནང་འདི་འདྲའི་རེ་བ་ཆེན་པོ་ཞིག་བརྒྱབས་འདུག་སྙམ་སྟེ། སྔར་ལས་སེམས་ཤུགས་ཇེ་ཆེ་དང་སྙིང་སྟོབས་ཇེ་རྒྱས་སུ་འགྲོ་གིན་འདུག་ལ། གོམ་པ་བརྒྱབས་ཟིན་པའི་ལས་ཀ་དེར་མཇུག་སྐྱོང་བྱ་རྒྱུའི་འདུན་པ་ཡང་ཇེ་བརྟན་རེད།

བསྐྱར་བཅོས།: ༢༠༠༨/༡༢/༡༣

Leave a Reply

4 thoughts on “དམིགས་ཡུལ་གཅིག འཐབ་རྩོད་གཅིག འབོད་སྒྲ་གཅིག

  1. བོད། ཤ་ཁྲག་རུས་གསུམ།

    བསམ་འཆར་དགུ་ཡོད་པ་གོ་འདུག་ཀྱང་། འདི་རུ་གཉིས་མ་གཏོགས་མཐོང་རྒྱུ་མེད་པ་ཅི་རེད། ལན་ཞིག་གསུང་རོགས་གནོང་།

  2. རིན་པོ་ཆེ་ལགས
    སྐུ་ཉིད་ཀྱི་ལས་དོན་འདིའི་དབུ་ཁྱུད་པ་ཇི་བཞིན་རྒྱུན་སྐྱོངས་བའི་ཐབས་ལམ་ཞིག་གི་དགོངས་བཞེས་ཀྱང་ཇི་ནས་སྩོལ་གནང་ཡོད་པར་མཁྱེན

  3. བོད། ཤ་ཁྲག་རུས་གསུམ།

    སྐྱབས་སུ་འཆི། ཤེས་ཡོན་ཅན་གྱི་སྤྲུལ་སྐུ་ཟེར་བ་འདི་འདྲ་ལོས་ཡིན། བསམ་འཕོད་པ་ནས། བཤད་འཕོད་པ། སྒྲུབ་འཕོད་པ། འདི་འདྲའི་སྤྲུལ་སྐུ་ག་ཚོད་ཅིག་བོད་པ་ཚང་གི་དེང་རབས་སྤྲུལ་སྐུ་ལག་ལེན་མཁན་བཞུགས་ཡོད་ན། རེ་བ་དང་ཡིད་ཆེས་ཟེར་བ་འདི་འདྲ་ལ་བརྟེན་ནས་བྱུང་བ་ཡིན་རྒྱུ་རེད། སྤྲུལ་སྐུ་ལགས། ངེད་ཅག་གི་ཁྱེད་ཀྱིས་བསམ་དོན་འགྲུབ་པ་དང་བྱ་བ་དེའི་མཇུག་མུ་མཐུད་དུ་སྐྱོང་ཐུབ་པར་རེ་བ་བྱེད་ངེས་ཡིན།