འབྲེལ་མོལ་མུ་མཐུད་བྱ་འདོད་ཡོད།

བོད་གཞུང་བཀའ་ཤག་གི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་བོད་དོན་གླེང་བར་དགའ་བསུ་ཞུས་ཡོད་ལ། བོད་རྒྱ་འབྲེལ་མོལ་མུ་མཐུད་ནས་གནང་རྒྱུའི་འདོད་ཚུལ་དང་ཆོད་སེམས་བརྟན་པོ་ཡོད་པ་བསྐྱར་དུ་བརྗོད་ཡོད། 
   ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་ཡིག་སྤེལ་ནས་ལོ་ ༦༠ འཁོར་བའི་དུས་དྲན་གྱི་ཉིན་མོར། སུད་སིའི་རྒྱལ་ས་རྗེ་ནེ་ལྦར་རྒྱལ་ཁབ་ ༤༧ གྱི་འཐུས་མི་ལྷན་འཛོམས་བྱུང་ཡོད་ལ། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཉམ་དུ་ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་མོལ་བྱ་རྒྱུ་དང༌། ཕན་ཚུན་གྱི་དཀའ་རྙོག་དེ་འབྲེལ་མོལ་གྱི་ལམ་ནས་སེལ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་ཡོད་པར། ཚེས་ ༡༨ བོད་གཞུང་བཀའ་ཤག་གི་ངོས་ནས་རྒྱལ་ཚོགས་སྤྱི་ཁྱབ་དྲུང་ཆེ་ཡིས་བོད་དོན་གླེང་བར་དགའ་བསུ་ཞུས་ཡོད་ལ། བཀའ་ཤག་གིས། ང་ཚོའི་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་འབྲེལ་མོལ་གྱི་ཐབས་ལམ་བརྒྱུད་ནས། རྒྱ་བོད་གཉིས་ཕན་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུ་ནི་བསམ་པ་རྣམ་དག་ཡིན་ཞེས་བསྐྱར་ཟློས་ཡང་ཟློས་ཞུ་རྒྱུ་ཡིན་ལ་འདི་ང་ཚོའི་ཆོད་སེམས་ཀྱང་ཡིན། དེར་བརྟེན་གལ་ཏེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་འདོད་བློ་ཡོད་ཚེ་ང་ཚོའི་ཕྱོགས་ནས་ས་གནས་གང་དང་དུས་ཚོད་ག་དུས་ཡིན་ནའང་འབྲེལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད། ཅེས་གསར་ལམ་ཁག་ལ་སྤེལ་ཡོད་ལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རང་བཙན་རྩོད་ལེན་གྱིས་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས། ཞེས་པ་དེ་གཞི་རྟེན་མེད་པ་ཞིག་དང་ཁུངས་སྐྱེལ་མི་ཐུབ་པ་ཞིག་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རང་བཙན་རྩོད་ལེན་གནང་གི་ཡོད་པའི་རྒྱ་ནག་གཞུང་གི་འཆར་སྣང་དེས་ྋགོང་ས་མཆོག་གི་དགོངས་གཞིར་འཁྱོག་བཤད་བྱས་ཏེ་ཁོ་ཚོའི་ཆབ་སྲིད་ཀྱི་དགོས་དོན་བསྒྲུབ་རྒྱུ་དང༌། ཡང་ན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་མེད་པ་སྟོན་གྱི་ཡོད། ྋགོང་ས་ྋསྐྱབས་མགོན་མཆོག་གིས་བོད་རང་བཙན་དང༌། ཕྱེད་རང་བཙན། ཡང་ན་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱི་འདུག་ཅེས་པ་དེ་དྲང་བདེན་མིན། འོན་ཀྱང་དེ་ལྟ་བུའི་རྫུན་གཏམ་གྱི་གསལ་བསྒྲགས་དེས་རྣམ་དཔྱོད་ལྡན་པའི་རྒྱལ་སྤྱིའི་མང་ཚོགས་ལ་ལོག་འགྲེལ་དང་མགོ་སྐོར་གཏོང་ཐུབ་རྒྱུ་མིན་པ་ང་ཚོར་གདེང་ཚོད་ཡོད། ཅེས་ཀྱང་གསུངས་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “འབྲེལ་མོལ་མུ་མཐུད་བྱ་འདོད་ཡོད།

  1. བཀའ་ཤག་གི་སྐད་ཆ་དེ་ཅུང་ཞིག་གཉོམ་དྲག་འདུག རྒྱ་གཞུང་ལ་སྙིང་ཐག་པ་ནས་འབྲེལ་མོལ་ཞིག་བྱེད་རྒྱུས་བསམ་བློ་ཡོད་ན་སྔོན་གྱི་སྐྱག་རྫུན་དེ་སྐྱར་ཟློས་དང་༧་གོང་ས་མཆོག་ལ་བཀའ་ལོགས་ཤོད་རྒྱུ་མ་རེད་དེ་ནི་ཡང་སྐྱར་རྒྱལ་སྤྱིའི་མིག་མདུན་དུ་སྤྲེལ་ལད་ཀྱི་ཁྲབ་གཞུང་ཞིག་གི་འགོ་འཛིན་གྱིན་ཡོད་པ་རེད། ད་ནི་ང་ཚོས་ཀྱང་དེ་ལ་འཚམས་པའི་རོལ་ཆ་ཞིག་གཏོང་དགོས་པ་རེད།