བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་དྲི་བ་དགུ།

སྤྱི་ནོར་༧གོང་ས་མཆོག་གིས་སྔ་མོ་ནས་རིགས་གཅིག་རྐང་འཛིན་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་དང༌། ཉེ་ཆར་བསྟུད་མར་ཐེངས་གཉིས་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་འཐུས་ཤོར་དུ་ཕྱིན་ཡོད་སྐོར་ནན་གྱིས་གསུངས་པ་བཞིན། བོད་གཞིས་བྱེས་གཉིས་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་བློ་འཚབ་ཆེན་པོ་དང༌། མི་རིགས་ཀྱི་ལར་ཞེན་དང་ཤེས་ཡོན་ལ་དོ་སྣང་ཡོད་རིགས་ཁྲོད་གླེང་སློང་ཤུགས་ཆེན་ཡོང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་བོད་གཞུང་ཤེས་རིག་བཀའ་བློན་མཆོག་ལ་བཅར་འདྲིའི་གོ་སྐབས་ཞུས་མཐར། ཡིག་ཐོག་ནས་དྲི་བ་གནང་རྒྱུའི་བཀའ་འཁྲོལ་ཐོབ་པ་བཞིན། ཕྱི་ཚེས་ ༡༢ ཉིན་ཤེས་རིག་བཀའ་བློན་མཆོག་གི་མཚན་ཐོག་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འབྲེལ་བའི་དྲི་བ་དགུ་བཏོན་པར་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་ཕྱིར་ཡིག་ཐོག་ནས་བཀའ་ལན་གནང་བ་གཤམ་གསལ་ལྟར་ཡིན།

དྲི་བ། བོད་གཞུང་ཤེས་རིག་ལས་ཁུངས་འོག ད་ཆར་སློབ་གྲྭ་དང་སློབ་ཕྲུག་ག་ཚོད་ཡོད་པ་དང༌། སློབ་ཕྲུག་ཕོ་མོའི་གྲངས་ཚད་གང་འདྲ་ཆགས་ཡོད། དེ་བཞིན། འཛིན་རིམ་བཅུ་བ་དང་བཅུ་གཉིས། མཐོ་སློབ་བཅས་སུ་སློབ་གཉེར་བྱེད་མུས་ཀྱི་སློབ་མ་ག་ཚོད་ཡོད་པ་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས།
ལན། འདི་གའི་ཁྱབ་ཁོངས་སུ་སློབ་གྲྭ་ཁག་ ༧༧ ཡོད་ལ། སློབ་ཕྲུག་བུ་གྲངས་ ༡༤༢༤༩ དང༌། བུ་མོ་གྲངས་ ༡༣༤༤༣ ། ཁྱོན་སློབ་ཕྲུག་གྲངས་ ༢༧༦༩༢ ཡོད། འཛིན་རིམ་བཅུ་གཉིས་འདོན་བཞིན་པའི་སློབ་མ་གྲངས་ ༡༤༥༦ དང༌། བཅུ་པ་འདོན་བཞིན་པའི་སློབ་མ་གྲངས་ ༡༩༦༩ ཡོད། མཐོ་སློབ་ཁག་ཏུ་ཤེས་རིག་ལས་ཁུངས་ནས་སློབ་ཡོན་སྦྱོར་བཞིན་པའི་སློབ་གཉེར་བ་ ༣༤༨ ཡོད། བོད་ཁྱིམ་གཉིས་དང༌། སྒེར་བཅས་པ་ནས་སློབ་ཡོན་བཏང་སྟེ་འགྲོ་བཞིན་པའི་སློབ་ཕྲུག་གྲངས་འདིར་ཚུད་མེད།

དྲི་བ། སྤྱི་ནོར་༧གོང་ས་མཆོག་གིས་བསྟུད་མུར་ཐེངས་གཉིས་ལ་ང་ཚོས་འདས་པའི་ལོ་ངོ་སུམ་ཅུའི་རིང་ཤེས་ཡོན་ལ་འཐུས་ཤོར་ཆེན་པོ་བཏང་འདུག་གསུངས་ཡོད། འཛིན་སྐྱོང་ངོས་ནས་ཕྱོགས་གང་དག་འཐུས་ཤོར་ཕྱིན་པ་ངོས་ཟིན་དང༌། འཐུས་ཤོར་འགྲོ་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།
ལན། འདས་པའི་ལོ་ངོ་སུམ་ཅུའི་རིང༌། བོད་མི་རྣམས་བཙན་བྱོལ་ནང་གཞི་རྐང་ཚུགས་ཟིན་ཡོད་སྟབས། དེའི་རྨང་གཞིའི་སྟེང་མདུན་མཆོང་ཤུགས་ཆེ་ཙམ་རྒྱག་དགོས་ཀྱང་དེ་ལྟར་བྱུང་མེད། འཛིན་སྐྱོང་ངོས་ནས་འཐུས་ཤོར་ཕྱིན་བསྡད་པ་གཙོ་གྲས་ཤིག་ནི། བཙན་བྱོལ་བོད་མིའི་གནས་སྟངས་དང་འཚམ་ཞིང༌། གཞི་རྩའི་དགོས་མཁོ་དང་འཚམ་པའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཤིག་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པའི་ཐོག་གཏན་འབེབས་ཟིན་ཏེ། རིམ་བཞིན་ལག་བསྟར་བྱ་རྒྱུའི་གྲོས་ཆོད་བཞག་ཀྱང་དངོས་སུ་ལག་བསྟར་མ་བྱུང་བར་ལོ་མང་ལུས་པ། བསླབ་གཞིའི་སློབ་ཚན་ཙམ་ལ་དོ་སྣང་ཤུགས་སྣོན་མ་གཏོགས། བསམ་བློའི་གཞི་རྩར་སློབ་གསོས་མ་འདང་བ། སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཐོག་བསྐྱོད་རྒྱུར་གཞུང་མང་གཉིས་ཀའི་བློ་སྤོབས་ཀྱིས་མ་འདང་པས་ཕྱིས་དྲགས་པ། གཞི་རིམ་སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་བོད་ཡིག་བསླབ་གཞི་དང་རྒྱུགས་སྤྲོད་ལམ་ལུགས་དུས་བསྟུན་ལེགས་བཅོས་མ་ཐུབ་པ། སློབ་གྲྭའི་གྲངས་འབོར་མང་དུ་ཕྱིན་ཡོད་ཀྱང་སྤུས་ཚད་ཐད་ཡར་རྒྱས་ཕྱིན་མེད་པ་བཅས་རེད། གཞན་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ནི་གནས་སྐབས་དཔལ་འབྱོར་ཐབས་འཚོལ་གྱི་བསམ་བློའི་རླུང་འཚུབ་ཀྱིས་དེད་དེ་འགྲོ་བ་མ་གཏོགས། ཤེས་ཡོན་རང་གི་ཐོག་ནུས་པ་འདོན་རྒྱུའི་དོ་སྣང་དྲག་ཞན་བར་གསུམ་ཚང་མའི་བློའི་ནུས་པ་མི་སྤུང་པ་དེ་ཆགས་འདུག

དྲི་བ། བཀའ་ཤག་སྐབས་བཅུ་གཉིས་པ་ནས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་གསར་བ་ལག་བསྟར་གྱི་གོ་རིམ་ཁྲོད། དགེ་སྐྱོན་གཙོ་བོ་གང་དག་བྱུང་ཡོད་པ་དང༌། ཤེས་ཡོན་སྲིད་བྱུས་གསར་བའི་ད་ལྟའི་གནས་བབས་གང་འདྲ་ཆགས་ཡོད་དམ།
ལན། སྔོན་ལ་ངོ་སྤྲོད་མདོར་ཙམ་ཞུས་ན་བསམ་པ་བྱུང༌། ཤེས་ཡོན་སྲིད་བྱུས་ཀྱི་ད་ལྟའི་གནས་སྟངས། ཕྱི་ལོ་ ༢༠༠༤ ཟླ་ ༩ པའི་ནང་སྲིད་བྱུས་གཏན་འབེབས་གནང་རྗེས། ཕྱི་ལོ་ ༢༠༠༥ ཟླ་ ༥ པའི་ནང་བོད་སློབ་ཡོངས་ཀྱི་འགན་འཛིན་ཚོགས་ཆེན་བསྡུས་ཏེ་སྲིད་བྱུས་ལག་བསྟར་གནང་ཕྱོགས་ཐད་གོ་བསྡུར་ལྷུག་པོ་བསྐྱངས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༥།༡༠།༡༠ ཉིན་དཔེ་སྟོན་སློབ་གྲྭ་དབུ་འབྱེད་དང༌། ༢༠༠༦ ལོར་བོད་ཁྱིམ་གཉིས་དང་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་རྣམས་སུ་སྲིད་བྱུས་ལག་བསྟར་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། ད་ལྟ་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ནང་ལག་བསྟར་གནང་ནས་ལོ་གསུམ་འགྲོ་བཞིན་ཡོད་ལ། རྡ་སའི་བོད་ཁྱིམ་གྱི་སློབ་ཁག་ནང་རྩ་བའི་ལག་བསྟར་གནང་མུས་ཀྱང༌། སྲིད་བྱུས་ནང་གསལ་དོན་གནད་རེ་ཟུང་ཐད་དཔེར་ན། འཛིན་གྲྭ་གསུམ་པ་བར་མ་སྐད་རྐྱང་པའི་ཐོག་བསྐྱོད་རྒྱུ་ལྟ་བུར་སྐུ་ངལ་འཕྲད་ཀྱིན་ཡོད། ཤེས་ཡོན་སྲིད་བྱུས་ལ་ད་བར་དགེ་སྐྱོན་ཐད་ལ། སྤྱིར་བཏང་ཤེས་ཡོན་གྱི་སྲིད་བྱུས་དེ་ཁ་ཐུག་གི་དགོས་མཁོ་ཙམ་མིན་པར་མི་རིགས་ཤིག་དང་མི་རབས་ཀྱི་དོན་དུ་བསམ་ཞིབ་ཀྱིས་བཟོས་པ་ཞིག་ཡིན་དུས་དེ་དང་འབྲེལ་བའི་མཇུག་འབྲས་རིགས་ལོ་ངོ་གསུམ་བཞིའི་ནང་གནམ་སའི་ཁྱད་པར་ཕྱིན་པའི་ངོས་འཛིན་ཞུ་རྒྱུ་དཀའ་བ་ཡིན། ལྷག་པར་དུ་སྐྱོན་གྱི་ཆ། ཤེས་ཡོན་སྲིད་བྱུས་རང་སྟེང་ལ་ཐོག་མ་ཉིད་ནས་མེད་པ་ཞིག་ཡོང་ཐབས་ལ་འབད་བརྩོན་གཏན་འབེབས་བྱས་ཡོད་ཀྱང༌། དངོས་ཡོད་ལག་ལེན་གྱི་སྐབས་སུ། དོ་བདག་སྐྱེ་བོ་སོ་སོས་ཡུལ་དུས་གནས་སྟངས་འདྲ་མིན་ལ་བརྟེན་ནས་ལག་ལེན་གནང་སྟངས་ཚུལ་མཐུན་བྱུང་མིན་དབང་གིས་མཇུག་འབྲས་སྣ་ཚོགས་འབྱུང་རྒྱུ་ཆོས་ཉིད་ཡིན་བསམ་ཡོད། ཡོན་ཏན་ནམ་དགེ་མཚན་གྱི་ཆ་ངས་བརྗོད་དགོས་པ་མི་འདུག  ཉེ་སྔོན་ཁྱེད་ཚོའི་དུས་བབ་གསར་ཤོག་ཐོག་དཔེ་སྟོན་སློབ་གྲྭའི་ལོ་གསུམ་གྱི་གྲུབ་འབྲས་ཞེས་པའི་གསར་གནས་ནང་འཁོད་འདུག  ལྷག་པར་དུ་ྋགོང་ས་མཆོག་གིས་བསྟོད་བསྔགས་གཏོང་རྒྱུ་དེ་མི་ལ་གཏོང་དུ་ཆུག་ཅེས་བཀའ་སློབ་ནང་ཕེབས་ཡོད། ཤེས་རིག་ལས་ཁུངས་ངོས་ནས་ད་ལྟ་གྲུབ་འབྲས་སྐོར་གླེང་རྒྱུ་ཅུང་སྔ་དྲགས་པ་ཞིག་ཡིན་པ་དྲན་གྱི་ཡོད། འོན་ཀྱང་དགོས་ངེས་ཀྱི་བསྐྱར་ཞིབ་ངེས་པར་བྱ་དགོས་པ་ཡོང་སྲིད་རྒྱུ་རེད། གང་ལྟར་གྲུབ་འབྲས་སྐོར་བཤད་སྐབས། དངོས་ཡོད་ཞིབ་འཇུག་ལམ་ནས་ཕྱོགས་ཡོངས་ནས་གདེང་འཇོག་བྱ་དགོས་པ་ལས། དུས་ཡུན་ཆུ་ཚོད་གཅིག་གཉིས་རིང་གི་མངོན་ཚུལ་འགའ་ཞིག་ལ་ལྟོས་ནས་མཐའ་སྡོམ་རྒྱག་མི་རུང་སྙམ།

དྲི་བ། ཤེས་རིག་སློབ་ཡོན་སྡེ་ཚན་འོག་ ༢༠༠༤ ནས་མགོ་བཙུགས་ཏེ། རིགས་གཅིག་རྐང་འཛིན་གྱི་སྡེ་ཚན་གསར་འཛུགས་བྱས་ཡོད་ཀྱང༌། ད་བར་གྲུབ་འབྲས་གང་བྱུང་དང་གནས་སྟངས་ཅི་ཆགས་ཀྱི་གསལ་ཁ་མེད་སྟབས། སྐུ་ཉིད་ཀྱིས་དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གནང་སྲོལ་དེ་ ༢༠༠༤ ནས་འགོ་བཙུགས་པ་ཞིག་མ་རེད། ཤེས་རིག་ལས་ཁུངས་ཀྱི་མཐོ་སློབ་སློབ་ཡོན་སྤྱིའི་ལས་འཆར་ནང་སྔ་ས་ནས་ཡོད་བསྡད་པ་ཞིག་རེད། ཕྱི་ལོ་ ༢༠༠༤ ལོར་ལོགས་སུ་གསལ་བསྒྲགས་ཞུས་པའི་རིགས་གཅིག་རྐང་འཛིན་སློབ་ཡོན་དེ་བཀའ་འབྲེལ་ལྟར་སྐུ་སྒེར་ཡིག་ཚང་ནས་གསོལ་བསྩལ་གནང་བའི་སློབ་ཡོན་ལས་གཞི་དེ་རེད་མ་གཏོགས། ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་སློབ་ཡོན་ཡོངས་རྫོགས་མ་རེད། ༢༠༠༤ ལོའི་སློབ་ཡོན་གསོལ་བསྩལ་ཁོངས་ཀྱི་རིགས་གཅིག་རྐང་འཛིན་དེ་ལ་སྒྲིག་ཞུགས་དང་སྒྲིག་ཞུགས་མ་ཡིན་པ་རིགས་གཉིས་ཕྱེས་ཡོད། དེའི་ནང་ད་བར་སློབ་གཉེར་བ་ ༡༧ བྱུང་ཡོད་པའི་ཁྲོད་ནས་སྒྲིག་ཞུགས་ ༣ དང་སྒྲིག་ཞུགས་མ་ཡིན་པ་ ༡༤ ཡོད། སྒྲིག་ཞུགས་མ་ཡིན་པ་དེ་དག་ལས་སློབ་ཡོན་མཇུག་སྒྲིལ་ཏེ་ཤེས་རིག་ལ་ཉམས་ཞིབ་ཀྱི་ཡིག་ཆ་འབྱོར་བསྡད་པ་ ༨ ཡོད། ཡིག་ཆ་ཕུལ་ནས་ཉམས་ཞིབ་སློབ་མཐར་ཕྱིན་པ་ ༡ དང༌། གཞན་ལྔ་ད་ལྟ་ཉམས་ཞིབ་གནང་བཞིན་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཞུ་རྒྱུ་ཡིན།

དྲི་བ། སློབ་ཕྲུག་ཚོས་ཤེས་ཡོན་སྲིད་བྱུས་གསར་བའི་འོག སྐྱེད་སྲིང་བྱས་པའི་སློབ་ཐོན་པ་ཡོངས་ལ་བོད་གཞུང་གིས་ལས་ཀ་སྤྲོད་ཐབས་མེད་ལ། རྒྱལ་ཁབ་གཞན་དང་མི་རིགས་གཞན་དུ་ལས་ཀ་འཚོལ་རྒྱུར་དེ་བས་དཀའ་ངལ་ཆེ་ཟེར་བའི་ཐད། ཤེས་རིག་ལས་ཁུངས་ལ་ལྟ་སྟངས་གང་འདྲ་ཡོད་དམ།
ལན། ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་འཚར་ལོངས་བྱུང་བའི་སློབ་ཐོན་པ་ད་ལྟ་ཡོང་རྒྱུ་ཡིན་པས། དེའི་སྡུག་བསྔལ་ད་ལྟ་ནས་སློང་དགོས་པ་མཐོང་གི་མེད། སྤྱིར་བཏང་ཤེས་ཡོན་སྤྲོད་པ་དང༌། སློབ་གྲྭ་འཛུགས་པའི་སྐབས་ལས་ཀ་སྤྲོད་རྒྱུའི་དམིགས་ཡུལ་དང་དེའི་གདེངས་ཚོད་ཀྱི་ཐོག་ནས་མིན་པར་མི་རིགས་ཀྱི་དོན་དམ་དགོས་མཁོ་ཅན་ཞིག་བསྐྲུན་ཐབས་ཡིན། དངོས་འབྲེལ་ཤེས་ཡོན་ལྡན་པ་ཞིག་བྱུང་ན་འཚོ་ཐབས་ཀྱི་ལས་ཀའི་དཀའ་ངལ་ཡོང་གི་རེད་སེམས་ཀྱི་མེད། ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་ལ་ཚང་མས་མཐུན་འགྱུར་དང༌། ལམ་ལྷོང་ཆེད་སེམས་ཤུགས་ཀྱི་རྒྱབ་སྐྱོར་གནང་ན། འདིའི་ཐོག་ནས་ཐོན་པ་ཚོར་ལས་ཀའི་དཀའ་ངལ་མི་འཕྲད་པའི་ཡིད་ཆེས་བྱེད་ཀྱིན་ཡོད།

དྲི་བ། གཞུང་ཞབས་ཀྱི་ལས་གནས་དང་རིགས་གཅིག་རྐང་འཛིན་སྡེ་ཚན། སློབ་གྲྭ་རེ་ཟུང་ལ་དགེ་རྒན་སོགས་མི་སྣ་ཤེས་ཡོན་ཅན་མ་རག་པའི་དཀའ་ངལ་ཡོད་ཀྱང༌། གསོག་སྒར་སློབ་གྲྭ་སོགས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཤེས་ཡོན་ཅན་མང་དག་ཅིག་ལས་མེད་དུ་ལྷག་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།
ལན། ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ཤིག་གི་འོག་ནས་འདོད་འདོད་ལྟར་བྱ་ཆོག་མེད་ཀྱང༌། གང་ཐུབ་ཀྱི་ལམ་ཁ་ད་བར་བཟོས་པ་དང༌། ལས་སྒོ་མང་པོའི་ནང་མི་ཉུང་བ་ཞིག་ཡོད་པ་མཁྱེན་ཆོས་ལྟར་ལགས།

དྲི་བ། བཙན་བྱོལ་སློབ་གྲྭ་རེ་ཟུང་ལ་སློབ་ཕྲུག་མེད་པར་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད། མེའོ་དང་བསྟན་འཛིན་སྒང་ལྟ་བུའི་གཞིས་ཆགས་ཁུག་ཀྱོག་རེ་ཟུང་གི་གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་མ་རག་པར་བཟོ་གྲྭ་སོགས་སུ་དུས་ཚོད་སྐྱེལ་གྱིན་ཡོད་པའི་སྐད་ཆ་འདུག་དོན་ཅི་ཡིན་ནམ།
ལན། མེའོ་དང་བསྟན་འཛིན་སྒང་ལྟ་བུའི་གཞིས་ཆགས་ནང་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་གྲྭ་ཡོད་པས་ས་གནས་ཀྱི་ཕྲུ་གུར་སློབ་སྦྱོང་གི་གོ་སྐབས་སྤྱི་མཚུངས་ཐོབ་ཀྱི་ཡོད་པ་མ་ཟད། འཛིན་རིམ་གོང་མར་སློབ་སྦྱོང་མུ་མཐུད་བྱ་རྒྱུར་གཏན་སློབ་ཁག་ནང་སློབ་འཇུག་བྱེད་བཞིན་ཡོད། སློབ་གྲྭ་མཐར་མ་འཁྱོལ་བའི་རིགས་ལས་རིགས་སྣ་ཚོགས་ཐོག་འཚོ་བ་བསྐྱལ་བ་དེ་མ་འགྲིག་པར་སེམས་ཀྱི་མེད།

དྲི་བ། སྤྱི་ལོ་ ༡༩༨༨ ནས་མགོ་འཛུགས་བྱས་པའི་ཨ་རིའི་སློབ་ཡོན་རོགས་དངུལ་འོག ཕྱིར་གཏོང་སློབ་མའི་འཆར་གཞིའི་དམིགས་ཡུལ་དོན་འཁྱོལ་ཡོང་གིན་མེད་སྟབས། མ་འོངས་པར་ལས་འཆར་ལ་འགྱུར་བ་དང་ཡང་ན་སྒྲིག་གཞི་བསྐྱར་བཅོས་ཀྱི་དགོངས་གཞི་ཡོད་དམ།
ལན། ལས་འཆར་དང་སྒྲིག་གཞིར་དུས་ནས་དུས་སུ་འགྱུར་བ་བཏང་དང་གཏོང་བཞིན་པ་རེད་མ་གཏོགས། ཐེངས་གཅིག་གཏན་འབེབས་ཟིན་པའི་རྗེས་སུ་འགྱུར་བ་སོང་མེད་པ་རྩ་བ་ནས་མ་རེད། གཙོ་བོ་དོ་བདག་སོ་སོའི་བཟང་སྤྱོད་དང་ལས་འབྲས་དཔང་འཕེར་ལ་ཐུག་འདུག་མ་གཏོགས། ལས་འཆར་དང་སྒྲིག་གཞིའི་གནད་འགག་གཅིག་པུ་ལ་ཐུག་པ་ཆགས་ཀྱི་མི་འདུག

དྲི་བ། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སྒྲིག་གཞི་དང༌། མཐོ་རིམ་སློབ་མའི་སློབ་ཚན་གཏན་འབེབས་གནང་ཕྱོགས་ཐད་བསམ་ཚུལ་འདྲ་མིན་ཡོང་གིན་ཡོད་སྟབས། མ་འོངས་པར་སློབ་ཚན་བསྐྱར་དུ་གཏན་འབེབས་དང་ཡང་ན་སློབ་ཚན་བསྐྱར་ཞིབ་ཀྱི་འཆར་གཞི་ཡོད་དམ།
ལན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་ཤེས་ཡོན་སྒྲོམ་གཞི་གཏན་འབེབས་གནང་ཕྱོགས་ཐད་བསྐྱར་ཞིབ་གཏོང་རྒྱུ་མེད་པ་ལྟ་བུ་ཞིག་མིན་ཡང༌། བཙན་བྱོལ་ནང་གནས་ཡུལ་རྒྱལ་ཁབ་ཀྱི་ཤེས་ཡོན་ལམ་ལུགས་ལ་སྟབས་བསྟུན་དགོས་པ་ཡིན། མཐོ་རིམ་སློབ་མ་ཞེས་པ་མཐོ་སློབ་ལ་གོའམ་གཞི་རིམ་གོང་མར་གསུང་གི་ཡོད་པ་མ་ཤེས་ཀྱང༌། གཞི་རིམ་གོང་མ་ལྟ་བུར་གསུངས་པ་ཡིན་ཚེ། བོད་ཡིག་སློབ་ཚན་ཙམ་ལས་བསྐྱར་ཞིབ་གནང་ལམ་མེད་སྟབས། བོད་ཡིག་སློབ་ཚན་ཐོག་ལོ་མང་རིང་རྒྱ་གར་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་གཏུགས་མང་པོ་ཞུས་འབྲས་སུ་འདི་ལོ་ནས་བཟུང་གཞི་རིམ་གོང་མའི་བོད་ཡིག་སློབ་ཚན་གྱི་འཆར་ཟིན་ཤེས་རིག་ལས་ཁུངས་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་འབུལ་ལམ་གསར་གཏོད་བྱུང་ཡོད་ལ། བརྒྱུད་ལམ་དེའི་ཐོག་འདི་ལོར་སྔར་གྱི་སློབ་ཚན་ཁག་ལ་བསྐྱར་ཞིབ་ཀྱིས་སློབ་ཚན་གསར་པ་གཏན་འབེབས་གནང་བ་མ་ཟད། སློབ་དེབ་རྣམས་ཕྱོགས་སྡེབས་རྩོམ་སྒྲིག་ཞུས་ཏེ་འཆར་ལོའི་སློབ་དུས་ནས་སློབ་ཁྲིད་བྱ་རྒྱུ་ཡིན།

བསྐྱར་བཅོས།: ༢༠༠༨/༡༢/༢༥

Leave a Reply