བརྩམས་སྒྲུང་དབུ་འབྱེད།

བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྩམས་པའི་དབྱིན་ཡིག་གི་བརྩམས་སྒྲུང་ཐོག་མ་འཛམ་གླིང་ཡང་རྩེ་ནས་ཟེགས་པ་ཞེས་པའི་དཔེ་དེབ་དེ་བཞུགས་སྒར་དུ་དབུ་འབྱེད་གནང་ཡོད་པ་རེད།

 

ཟླ་འདིའི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་བོད་དོན་གླེང་བ་ཞེས་པའི་ཚོགས་པའི་གོ་སྒྲིག་འོག་ངྷ་ས་རང་བདེན་ཚོགས་ཁང་དུ། བཙན་བྱོལ་བོད་གཞུང་གི་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བརྩམས་པའི་དབྱིན་ཡིག་གི་བརྩམས་སྒྲུང་ཐོག་མ་འཛམ་གླིང་ཡང་རྩེ་ནས་ཟེགས་པ་ Falling through the Roof  ཅེས་པའི་དཔེ་དེབ་དེ་རྩོམ་པ་པོ་ཁོང་ཉིད་དང་དང་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་གཉིས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་མི་དང༌། གསར་འགོད་པ། ཕྱི་གླིང་བ་སོགས་མི་གྲངས་ ༥༠ ལྷག་འདུ་འཛོམས་ཐོག་དབུ་འབྱེད་གནང་སོང་ལ།  ལོ་སྔོན་མའི་ཟླ་ ༡༢ པའི་ཚེས་ ༩ ཉིན་རྩོམ་པ་པོས་འདི་ག་གསར་ཁང་ལ་དེབ་འདིའི་བརྗོད་སྙིང་ཐད་གསུངས་པ་བཞིན།

 

དེབ་འདི་ནི་རྩོམ་པ་པོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་རབས་དང་པོ་སྟེ། ཕ་ཡུལ་བོད་ནས་སྐྱེས་མ་ཐག་གི་ཁ་མཚམས་དེར་གློ་བུར་དུ་ཁ་བྲལ་ཏེ་མིའི་ལུང་པར་འཐོར་མཁན་དག་གི་མི་ཚེའི་མྱོང་བ་དང་ཕུགས་བསམ་གྱི་སྐོར་ཡིན་ལ། འཛམ་གླིང་ཡང་རྩེ་ནས་ཟེགས་པ་ཞེས་པའང་མི་རབས་འདི་དག་འཛམ་གླིང་གི་ཡང་རྩེར་སྐྱེས་མ་ཐག་མིའི་ལུང་པར་འཚར་ལོངས་བྱུང་དགོས་པར་གྱུར་བ་དག་གི་གནས་སྟངས་དང༌། བཙན་བྱོལ་བོད་མིའི་མི་རབས་དང་པོ་རྣམས་ཀྱིས་བོད་དོན་ལ་འཁྱེར་བའི་རྣམ་འགྱུར་དང༌། དཔྱད་ཞིབ། རྩོད་སྒྲུབ་བཅས་ཀྱི་སྐོར་བྲིས་ཡོད་པ་དང༌། གནས་སྟངས་དེ་དག་བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་ལྡི་ལི་མཐོ་སློབ་ནས་ཡིན་པའི་སློབ་མ་བཀྲ་ཤིས་ཞེས་པ་ཞིག་གིས་མཐོ་སློབ་དེར་དམར་ཕྱོགས་ཚོགས་པ་བཙུགས་པ་དང་ཚོགས་གཙོའི་འགན་འཁུར་རྗེས་བོད་འདི་དམར་པོའི་རིང་ལུགས་ཀྱིས་བཙན་བཟུང་བྱས་སྟབས། བོད་རྒྱ་ནག་གི་འོག་ནས་བཅིངས་འགྲོལ་གཏོང་དགོས་ནའང་དམར་ཤོག་གི་མཚོན་ཆ་དེ་རང་བེད་སྤྱོད་གཏོང་དགོས་པའི་ཡིད་ཆེས་དང་རྩོད་སྒྲུབ་བྱས་ཏེ་ཚོགས་པ་བཙུགས་པ་དང༌། རྗེས་སུ་བཀྲ་ཤིས་ཁོང་གྲུབ་ཆེན་རིན་པོ་ཆེས་བོད་ཀྱི་བླ་ཆེན་ཞིག་གི་ཡང་སྤྲུལ་ཏུ་ངོས་འཛིན་བྱས་སྟབས། དམར་བོའི་རིང་ལུགས་དང་བོད་མིའི་སྲོལ་རྒྱུན་གྱི་ཕྱོགས་གང་ཞིག་འདེམས་པར་བསམ་བློའི་འགལ་འདུ་བྱུང་བའི་སྐོར་བྲིས་ཡོད་ལ། དེ་བཞིན་དེབ་འདིའི་བརྗོད་སྙིང་དང་འབྲེལ་བའི་དྲི་བ་དྲི་ལན་ཡང་གནང་སོང༌།

གསར་འགོད་པ་དོན་གོ་ཡིན།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

10 thoughts on “བརྩམས་སྒྲུང་དབུ་འབྱེད།

  1. དེབ་ཀྱི་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ། དག་ཡིག་ངག་གི་སྒྲོན་མེ་ལ།། མ་དག་པ་ཞིག་མགོ་ན་ཡོད།། ཅེས་པ་ལྟར། དོན་ཁོ་ཟེར་བས་ཡིག་ནོར་གཅིག་སྤེལ་ནས་འདུག་པར། དགེ་འདུན་རབ་གསལ་ལགས་ཀྱིས་དྲི་བའི་ཟོལ་གྱིས་བཅོས་སྐུལ་གནངས་འདུག་པ་ཤིན་ཏུ་ནས་ལེགས། དུས་བབ་ཡར་རྒྱས་ཀྱི་ཆེད་དུ་རེད། དེར་ཡང་ཐུགས་རྗེ་ཆེ་ཞུ།
    ང་ལ་བསམ་ཚུལ་ཞིག་ཡོད། ཉེ་བའི་ཉིན་གྲངས་ཁ་ཤས་རིང༌། ངས་དགེ་འདུན་རབ་གསལ་ལགས་ཀྱིས་བོད་བསྒྱུར་གནངས་པ་༼སངས་རྒྱས་ཀྱི་དཔལ་རྟུལ་ཚོ༽ ཞེས་པ་དེ་བཀླགས་པ་ཡིན། འགྱུར་ལེགས་པ་ལ་ནི་དཔེ་འདྲ་ཞིག་གནངས་ནས་འདུག ད་ངའི་བསམ་ཚུལ་བྱས་ན། དེབ་འདི་དགེ་འདུན་རབ་གསལ་ལགས་ཀྱིས་བོད་བསྒྱུར་ཞིག་གནངས་རོགས་ཞུ་འདོད་བྱུང༌། ཁོང་གིས་ཞལ་བཞེས་གནངས་རྒྱུ་བྱུང་ན་དེ་ལས་དགའ་བ་ཅི་ཡོད། དགེ་རབ་ལགས། དགོངས་པ་ཞིག་བཞེས་རོགས།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས།

    དེབ་འདིའི་ནང་གི་བརྗོད་བྱ་གཙོ་བོ་དང་དེབ་འདིའི་ཁ་བྱང་གཉིས་ཀྱི་བར་ན་འབྲེལ་ཐག་ཟབ་མོ་ཞིག་ཡོད་མེད་བཤད་དཀའ་བ་འདུག
    གང་ལྟར། རྩོམ་པ་པོར་བཅར་འདྲི་བྱས་ཡོད་ན། དྲི་བ་དྲིས་ལན་དག་ཀྱང་དྲ་ངོས་སུ་འགོད་རོགས་གནང་།