བུད་མེད་སྒེར་ལངས་ཉིན།

ང་ཚོ་འཛམ་གླིང་ཡུལ་གྲུ་གཞན་གྱི་བུད་མེད་བཞིན་ཐོབ་ཐང་ཁོ་ན་རྩོད་བཞིན་པའི་ཚོགས་པ་དེ་འདྲ་མ་ཡིན་པར། གཉན་འཕྲང་གི་དུས་སྐབས་ཤིག་ལ། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་རང་ཉིད་ཀྱི་ལུས་སྲོག་བློས་གཏོང་བྱེད་པའི་དམ་བཅའ་བརྟན་པོ་ཞིག་གིས་གྲུབ་པ་ཡིན་ཟེར།

 

དེ་རིང་ཞོགས་པའི་ཆུ་ཚོད་ ༩  དང་ཕྱེད་ཀའི་སྟེང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ཚོས་རྒྱལ་ས་ལྷ་སར་ཞི་བའི་སྒེར་ལངས་བྱས་ནས་ལོ་འཁོར་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་ཡོད་པ་དང༌། དེར་སྐུ་མགྲོན་གཙོ་བོར་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། རྒྱ་གར་གྷན་ངྷིའི་ལྟ་གྲུབ་ཞིབ་འཇུག་པ་ནེ་རུའུ་པོ་རཱ་བཅས་ཕེབས་འདུག་ལ། ངྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་བུ་མོ་ཚོ་དང་བཙུན་དགོན་ཁག་གི་བཙུན་མ། དེ་བཞིན་བཞིགས་སྒར་ཁུལ་གྱི་བུད་མེད་བཅས་མཉམ་ཞུགས་ཐོག་དུས་དྲན་སྲུང་གཙི་བྱས་སོང་ལ། དུས་དྲན་གྱི་སྐུ་མགྲོན་གཙོ་བོ་རྣམ་པས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དཔར་སྐྲུན་འགྲེམས་སྤེལ་བྱས་པའི་དཔེ་དེབ་ ༦ དབུ་འབྱེད་གནང་སོང༌།

 

སྐབས་དེར་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་བུ་མོ་ཚེ་རིང་ལགས་ཀྱིས་དུས་དྲིན་དབུ་འཛུགས་དང་སྦྲགས་བོད་ཀྱི་བུད་མེད་ཚོགས་པའི་ངོ་བོ་དང་རེ་འདུན་ཁག་ཅིག་ངོ་སྤྲོད་གནང་དོན། དེ་རིང་གི་ཉིན་མོ་འདི་ནི་ ༡༩༥༩ ལོར་ལྷ་སར་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་སྒེར་ལངས་བྱུང་སྟེ། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་ཀྱི་བུད་མེད་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་གིས་སྒེར་ལངས་བྱས་པའི་ཉིན་མོ་ཡིན། མི་རིགས་ལ་ཞེན་ཁོག་དང་རྒྱལ་ཞེན་ཡོད་མཁན་ཚང་མས། ང་ཚོས་ཉིན་མོ་འདི་རིམ་གྱིས་གཞུང་འབྲེལ་གྱི་མཛད་སྒོ་ཞིག་ཆགས་པར་རེ་བ་བྱེད་ཀྱིན་ཡོད། ང་ཚོ་འཛམ་གླིང་ཡུལ་གྲུ་གཞན་གྱི་བུད་མེད་བཞིན་ཐོབ་ཐང་ཁོ་ན་རྩོད་པའི་ཚོགས་པ་དེ་འདྲ་མ་ཡིན་པར། གཉན་འཕྲང་གི་དུས་སྐབས་ཤིག་ལ། རྒྱལ་ཁབ་དང་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་རང་ཉིད་ཀྱི་ལུས་སྲོག་བློས་གཏོང་བྱེད་པའི་དམ་བཅའ་བརྟན་པོ་ཞིག་གིས་གྲུབ་པ་ཡིན། ང་ཚོས་དུས་ནམ་ཡང་ཁོང་ཚོས་བློས་གཏོང་ལ་རྗེས་སུ་ཡི་རེངས་དང་བཀའ་དྲིན་རྗེས་དྲན་བྱ་དགོས། ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་རྒྱལ་སྤྱིའི་བུད་མེད་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་པ་བྱུང་བ་དང་༌། བོད་ཀྱི་བུད་མེད་ཚོའི་གནས་སྟངས་འཛམ་གླིང་སྟེང་ཤེས་ཐུབ་པར་གྱུར་བ་རེད། ༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོར་ཐོབ་ཐང་དང་འདྲ་མཉམ་གྱི་གོ་སྐབས་གནང་བ་རེད། མ་འོངས་པར་བོད་ཀྱི་བུད་མེད་ཚོགས་པའི་ལས་འགན་དཻར་སྤྱི་ཚོགས་དང་གཞུང༌། མི་མང་ཚང་མས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་གནང་སོང༌།

 

དེའི་རྗེས་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་དུས་དྲན་སྲུང་གཙི་དང་འབྲེལ་གསུངས་དོན། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་དུས་དྲན་མགོ་བརྩམས་ཏེ་ད་ལྟའི་བར་ལོ་འཁོར་ཧྲིལ་བོ་ ༥༠ འཁོར་ཡོད་ལ། བོད་རྒྱལ་ཁབ་ཀྱི་བདག་དབང་ཤོར་ནས་མི་ལོ་ ༥༠ འཁོར་བའི་ཉིན་མོའང་ཆགས་ཡོད། འདས་པའི་བྱུང་རིམ་ཁྲོད་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཐད་ནུས་པ་མི་དམན་པ་ཞིག་ཐོན་ཡོད། ཉིན་མོ་འདིར་བོད་ཀྱི་བུད་མེད་མང་པོ་ལྷན་ཏུ་འཛོམས་པ་འདི་ཧ་ཅང་གཟི་བརྗིད་ཆེན་པོ་རེད། དེ་བཞིན་བུད་མེད་གཞོན་སྐྱེས་ཤེས་ལྡན་པ་གང་མང་ཞིག་འཚར་ལོངས་བྱུང་ཡོད་པ་དང༌། དེ་དག་གི་རྩ་དོན་འཐབ་རྩོད་ཀྱི་ལྷག་བསམ་ལ་བལྟས་ན། ང་ཚོར་ནུས་ཤུགས་འདུག་བསམ་པའི་དྲན་སྣང་འོང་གིན་འདུག ང་ཚོས་ཕན་ཚུན་གྱི་ལས་ཀ་བྱས་སྟངས་འགྲིག་མིན་གླེང་རྒྱུ་གལ་ཆེན་མིན་པར། བོད་ཀྱི་རྩ་དོན་དང་མི་རེ་ངོ་རེ་ནས་ཕན་ཐོགས་པའི་ལས་ཀ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། གཞུང་ཙམ་མ་ཡིན་པར་ཕྱོགས་ཡོངས་ལ་རོགས་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད། བོད་ཀྱི་བུད་མེད་ཚོའི་ལས་དོན་འདིར་གཞོན་སྐྱེས་ཚོས་ཐུགས་སྣང་གནང་དགོས། ཞེས་གསུངས་སོང༌།

 

དེའི་རྗེས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུང་བཤད་གནང་རྗེས། ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་མགོ་འཛུགས་ཀྱིས་ཀ་ཊ་རི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་མ་ཟད། ཕྱི་དྲོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པ་ཚོར་བཙན་བྱོལ་ཏུ་འབྱོར་ནས་མི་ལོ་ལྔ་བཅུ་འགོར་བའི་ལོ་རྒྱུས་རང་བཞིན་གྱི་པར་རིས་འགྲེམས་སྟོན་ཞིག་ཀྱང་གནང་སོང༌། ཕྱི་དྲོ་བོད་ཀྱི་རང་དབང་འཐབ་རྩོད་ནང་བོད་ཀྱི་བུད་མེད་མཉམ་ཞུགས་གནང་ཕྱོགས་དང་འབྲེལ་བའི་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུ་རྒྱུ་ཡྀན་འདུག

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply