ཟ་མ་ཏོག

ཟ་མ་ཏོག་ཅེས་པའི་དཔེ་དེབ་འདི་ནི་ལྡི་ལི་བོད་ཁང་གིས་དཔར་སྐྲུན་གནང་བཞིན་པའི་དེབ་ཕྲེང་ཞིག་ཡིན་ཞིང༌། ཐེངས་འདི་ནི་པུསྟཀ་ ༨ དེ་ཡིན་འདུག དཔེ་དེབ་འདིའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྡོ་འབུམ་སྤྲུལ་སྐུ་དང༌། རྩོམ་སྒྲིག་ལས་རོགས་པདྨ་རྡོ་རྗེ་ཡིན། དེབ་འདིར་རྩོམ་ཡིག་ཁག ༥ དང་ཤོག་ངོས་ ༡༡༥ ཡོད་ལ། རྩོམ་ཡིག་དང་པོ་ནི། རཱ་ཧུ་ལ་ཡིས་བརྩམས་པའི་ནུབ་ཧི་མཱ་ལ་ཡའི་གནས་བབ་གླེང་བ་ཞེས་ཡིན་ཞིང༌། དེར་ ཧི་མ་ལ་ཡའི་ནུབ་རྒྱུད་ཁག་ཏུ་ཡོད་པའི་པི་ཏི་སྟོད་སྨད་དང་ལ་དྭགས་གཉིས་གཙོས་པའི་ས་ཁུལ་དེ་དག་གི་ཡུལ་གྱི་གནས་བབ་དང་སྐད་ཡིག ཆོས་ལུགས་དང་དགོན་པ། སློབ་གྲྭ་སོགས་ངོ་སྤྲོད་བྱས་ཡོད་ལ། དེ་དག་རེ་རེ་བོད་ཀྱི་ས་ཆ་གང་དང་སྐད་རིགས་གང་ལ་འབྲེལ་བ་ཆགས་ཡོད་མེད། དེ་བཞིན། མངའ་རིས་རྒྱལ་རྒྱུད་ཀྱི་ལོ་རྒྱུས་མཚམས་སྦྱོར་བ། ལོ་ཙཱ་བ་རིན་ཆེན་བཟང་པོ་ཁ་ཆེར་སློབ་གཉེར་ལ་ཇི་ལྟར་བྱོན་པ། ལྷ་བླ་མ་ཡེ་ཤེས་འོད་གར་ལོག་གི་རྒྱལ་པོས་འཇུས་པ་དང་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བོད་ལ་གདན་དྲངས་པ། ལོ་ཙཱ་བ་རིན་ཆེན་བཟང་པོས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་སྐོར་བཅས་རེད།

 

རྩོམ་ཡིག་གཉིས་པ་ནི། རྩོམ་པ་པོ་ཚུལ་ཁྲིམས་ཕུན་ཚོགས་ཀྱི་མི་ཕམ་བྱམས་པའི་སྐོར་གྱི་བརྩམས་ཆོས་དེ་ཡིན་པ་དང༌། རྩོམ་ཡིག་གསུམ་པ་ནི། ཉི་ཟླ་ལྕེ་ནག་ཚང་གིས་བརྩམས་པའི་བོད་ལུགས་གསོ་རིག་གི་བྱུག་པའམ་བསྐུ་མཉེའི་རྣམ་བཤད་ཡིན་ཞིང༌། དེར་བྱུག་པའི་དོན་དང་དབྱེ་བ། བྱུག་པ་བྱ་རུང་མི་རུང་གི་ནད་གཞི། བྱུག་པའི་གསང་དམིགས། རྒྱུན་སྤྱོད་བྱུག་རྫས་ཁག་ཅིག་དང་དེ་དག་གི་ཕན་ཡོན། བྱུག་པ་བྱ་ཐབས་བཅས་བཀོད་ཡོད། རྩོམ་ཡིག་བཞི་བ་ནི། ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གིས་བརྩམས་པའི་དབུས་འགྱུར་ཆོས་སྡེ་ཆེན་པོ་རྣམས་ཀྱི་ཆོས་སྤྱོད་སོགས་ཀྱི་མཐར་ཚིགས་བཅད་བྱུང་ཚུལ་དང༌། བསྐང་བ་སོགས་ཀྱི་ཁུངས་བཤད་པ་བཅས་ཡིན། རྩོམ་ཡིག་ལྔ་བ་ནི། དགེ་བཤེས་དཔལ་ལྡན་གྲགས་པ་ཡིས་བརྩམས་པའི་ཐེག་པ་ཆེ་ཆུང་གི་རྣམ་བཞག་ཡིན་ལ། དེར་གྲུབ་མཐའ་བཞིའི་འདོད་ཚུལ་དང༌། གྲུབ་མཐའི་རྩོད་ལན། ཤེར་མདོའི་དོན་ལ་དགག་སྒྲུབ་བྱེད་ཚུལ། སེམས་ཙམ་པས་དགག་སྒྲུབ་བྱེད་ཚུལ། སེམས་ཀྱི་བདག་ཉིད་འདོད་ཚུལ་མི་འདྲ་བ། དབུ་མ་པས་དགག་སྒྲུབ་བྱེད་ཚུལ་བཅས་བཀོད་ཡོད་པ་རེད།

 

 

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply