མི་བརྒྱ་ཕྲག་ལྷག་བཟུང་འདུག་ཟེར།

ཁ་སང་རྒྱ་ནག་ཞིན་ཧ་གསར་ཁང་གིས་མདོ་སྨད་རྭ་རྒྱར་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་བརྒྱ་ཕྲག་ལྷག་བཟུང་སྐོར་གནས་ཚུལ་སྤེལ་ཡོད་འདུག

སེ་ར་དགོན་གྱི་གྲྭ་རྭ་རྒྱ་བློ་དབང་ལགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཚེས་ ༢༢ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་མདོ་སྨད་རྭ་རྒྱ་དགོན་གྱི་དགེ་བསྐོས་དཔལ་ལྡན་ལགས་དང་ལྷན་དུ་འཇུ་བཟུང་བྱས་པ་རྣམས་ནི། གྲྭ་བཟོད་པ་དང་རྒྱལ་མཚན། འཇམ་དབྱངས་མཁས་གྲུབ་བཅས་ཡིན་འདུག་ལ། ཁོང་ཚོ་ཚེས་ ༢༡ ཉིན་གྱི་ངོ་རྒོལ་སྐད་འབོད་སྣེ་ཁྲིད་བྱེད་མཁན་གྱི་དོགས་གཞིའི་འོག་འཇུ་བཟུང་བྱས་པ་ཡིན་འདུག རྒྱ་གཞུང་གིས་དགེ་འདུན་པ་ཚོའི་འབྲེལ་ཡོད་མི་སྣར་བཤད་པ་ལྟར་ན། ཁོང་ཚོ་ད་ལྟ་ད་དུང་རྭ་རྒྱ་གྲོང་བརྡལ་དུ་བཀག་འགོག་བྱས་ཡོད་པ་དང་། མི་རིང་བར་གློད་གྲོལ་གཏོང་ངེས་ཡིན་ཞེས་བཤད་འདུག དེ་མིན་ཚེས་ ༢༡ ཉིན་གྱི་རྔམ་སྟོན་ཁྲོམ་སྐོར་སྐབས་རྭ་རྒྱ་སུ་རིག་སྡེ་བའི་གཡང་ལོ་སོགས་མི་སྐྱ་སྐོར་ཞིག་འཛིན་བཟུང་བྱས་འདུག་ནའང་ད་དུང་ཞིབ་ཕྲའི་གནས་ཚུལ་རྩད་ཆོད་མི་འདུག་ཟེར།

པར་དེ་ནི་གྲྭ་བཟོད་པ་ལགས་ཡིན་ལ། ཁོང་སྔོན་མ་ཤེས་རིག་ནོར་གླིང་སློབ་སྒྲུབ་ཁེ་ལས་ཀུང་སི་གངས་ལྗོངས་སྤྲི་ཆུར་བཟོ་གྲྭའི་འགན་འཛིན་ཡིན་འདུག

ཉེ་སྔོན་ཕྱི་ཚེས་ ༨ ཉིན་ནས་བཟུང་མགོ་ལོག་གི་དམག་མི་བརྒྱ་ཕྲག་ཁ་ཤས་རྭ་རྒྱར་སླེབས་ཡོད་པའི་སྟེང་ཚེས་ ༢༡ གི་དོན་རྐྱེན་རྗེས་ནས་ཟི་ལིང་གི་དམག་མི་མང་པོ་འབྱོར་ཏེ་རྭ་རྒྱ་དགོན་པ་དང་། གྲོང་བརྡལ་གཉིས་ཀར་དམ་དྲག་ནན་མོ་བྱེད་བཞིན་ཡོད་ལ། རྭ་རྒྱའི་ཡ་ཕུག་དང་མ་ཕུག་ཟེར་ས་གཉིས་ཀར་དམག་སྒར་བརྒྱབ་སྟེ་སྒར་མཐའ་རུ་འཛིང་རག་བཟོས་པ་དང་། ཉིན་རྟག་པར་རྭ་རྒྱ་དགོན་གྲོང་གཉིས་ཀའི་བར་དུ་དྲག་དམག་གི་རུ་སྒྲིག་ངོམས་བཞིན་ཡོད་འདུག དེ་མིན་སྐུ་གཤེགས་བཀྲ་ཤིས་བཟང་པོའི་ཕྱོགས་ཀྱི་སྡེ་དཔོན་སོགས་སྡེ་མི་ལྔ་བཅུ་ལྷག་ཅིག་རྭ་རྒྱ་གྲོང་བརྡལ་དུ་འབྱོར་ཏེ་གྲྭ་བཀྲ་ཤིས་བཟང་པོའི་འདས་རྐྱེན་ཐད་ལ་གཏུགས་བཤེར་དང་འདྲི་རྩད་བྱེད་བཞིན་ཡོད་འདུག   

ཁ་སང་རྒྱ་ནག་ཞིན་ཧ་གསར་ཁང་གིས་མདོ་སྨད་རྭ་རྒྱར་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་བོད་མི་བརྒྱ་ཕྲག་ལྷག་བཟུང་སྐོར་གནས་ཚུལ་སྤེལ་ཡོད་འདུག་ལ། གྲྭ་རྭ་རྒྱ་བློ་དབང་ལགས་ཀྱིས་མི་དགུ་བཅུ་ལྷག་ཅིག་ལ་ཐེངས་འདིའི་ལས་འགུལ་གྱི་སྣེ་ཁྲིད་ཀྱི་དོགས་གཞིའི་འོག་ལྟ་རྟོག་བཞག་ཡོད་འདུག ཁོང་ཚོ་ཡར་མར་གང་དུའང་འགྲོ་སྐྱོད་བྱེད་མི་ཆོག་པ་མ་ཟད། ནམ་འབོད་འགུག་བྱས་ན་འགྲོ་དགོས་ཀྱི་ཡོད་འདུག དེ་མིན་གྱི་མི་གཞན་མང་བོ་ཞིག་ཀྱང་སྐད་བཏང་སྟེ་ཉེན་རྟོག་ཁང་དུ་འདྲི་རྩད་བྱེད་དུ་འགྲོ་བཞིན་ཡོད་འདུག་ལ། དེ་དག་ལས་རེ་ཟུང་ཕྱིར་ལོག་ཡོང་གི་ཡོད་ནའང་། རེ་ཟུང་ཉེན་རྟོག་ཁང་དུ་སོང་ནས་འདྲི་རྩད་བྱས་རྗེས་གློད་ཡོད་མེད་འདུག གང་ལྟར་དེང་སྐབས་ཉིན་རེ་བཞིན་མི་མང་བོ་འཛིན་བཟུང་བྱེད་ཀྱིན་ཡོད་ནའང་། དྲ་རྒྱ་དང་ཁ་པར་བརྒྱུད་ལམ་ལ་བཀག་སྡོམ་ནན་མོ་བྱས་ཡོད་པའི་དབང་གིས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “མི་བརྒྱ་ཕྲག་ལྷག་བཟུང་འདུག་ཟེར།

  1. བོད་མི་་་་་་་་་་་་་་་་་་
    བསམ་དོན་འགྲུབ་པར་ཤོག་་་་་་་་་
    ངེས་བར་དུ་་་་་་་་་་
    ངེས་བར་དུ་་་་་་་་་་
    བསམ་དོན་འགྲུབ་དགོས་་་་་་
    བསམ་དོན་དེས་དོན་དུ་རང་སྲོག་ཤོར་ཟིན་པའི་དཔའ་བོ་དང་དཔའ་མོ་ཚོ་སྙིང་ལ་ཟུང་།
    བོད་མི་ལེགས་་་་་་་་་།།

  2. ངོ་མ་གཞེས་ལུས་སྤུན་ཟླ་ཚོ་སྙིང་རེ་རྗེ།
    འུ་ཚོས་ངེས་པར་དུ་ཁོང་ཚོར་རྒྱབ་སྐྱོར་བྱེད་དགོས་ཡ་་་་་་་་་་་་

  3. བོད། ཤ་ཁྲག་རུས་གསུམ།

    ར་རྒྱའི་སྐྱ་སེར་གཉིས་ཀ་བཙོན་དང་ཉེས་བརྡུང་མ་རེག་པ་མེད་མཁན་ཞིག་བཟོ་འདོད་ཀྱི་འཆར་གཞི་གཏོང་བཞིན་ཡོད་པ་འདྲ། གངས་ཅན་བོད་ཀྱི་གནམ་འོག་ན་བོད་དོན་དུ་གཅིག་སྒྲིལ་གྱིས་ནུས་པའི་ཁྲོད་དུ་ཞི་བའི་ཡར་བླངས་རྒྱག་མཁན་འདི་ཚོ་ང་ཚོ་བོད་པ་གཞན་དག་གི་རོགས་རམ་གང་ཞིག་བྱེད་ཐུབ་སྲིད་པ་རེད། དྲ་གྲོགས་ཚོ་ཀློག་གིན་ཀློག་གིན་སེམས་པ་ན་ནས་ཉིན་རྟག་པར་སེམས་པ་བོད་ནང་དུ་ཕྱོགས་མཁན་གྱི་ངེད་ཅག་གིས་ག་རེ་བྱེད་ཐུབ་ཀྱི་ཡོད་དམ། འདིའི་ཐད་དུ་བསམ་ཚུལ་རེ་གནོང་དང་།