གྲྭ་པ་གསུམ་འཛིན་བཟུང་།

                               
རྒྱ་གཞུང་གིས། གསལ་བཤད་ཅི་ཡང་མེད་པར་ནག་ཆུ་ཞབས་བརྟན་དགོན་པའི་དགེ་འདུན་པ་གསུམ་བཙོན་འཇུག་བྱས་ཡོད་འདུག

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གྲྭ་བསྟན་འཛིན་མཁས་གྲུབ་ཀྱིས་འདི་གར་གནས་ཚུལ་སྤྲོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༡ ཉིན་ནག་ཆུ་དབུས་རུ་བྱང་ཕྱོགས་ཀྱི་འགྲོ་འདྲེན་བདེ་སྐྱིད་གླིང་གི་མཁན་ཟུར་རིན་པོ་ཆེ་རྒན་ཐུབ་བསྟན་ཐབས་མཁས་ལགས་དང་། མཚན་གྲྭ་བཤད་སྒྲུབ་དགེ་མཚན་ཀུན་འཕེལ་གླིང་གི་རྩིས་བཞག་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ལ་ལོ་སྔོན་མའི་ལྷ་ལྡན་སྨོན་ལམ་ཆེན་མོའི་རྒྱུགས་སྤྲོད་ཕུལ་ཟིན་པ་ཚོར་དགེས་བཤེས་མིང་འདོགས་པར་ལྷ་སར་འགྲོ་དགོས་པའི་མགོ་སྐོར་བསླུ་བྲིད་བཏང་སྟེ། རླངས་འཁོར་ནང་ནག་ཆུ་ཀོ་ལུག་ཅེས་པའི་ས་དེར་ཁྲིད་ཏེ། ས་དེ་ནས་ལྷ་སར་མ་ཕྱིན་པར་ཕྱིར་ནག་ཆུའི་བཙོན་ཁང་ཞིག་ཏུ་ཁྲིད་དེ་བཙོན་འཇུག་བྱས་ཡོད་པ་དང་། དེ་བཞིན་དམངས་གཙོ་བདག་གཉེར་ལས་བྱེད་རྒན་བརྩོན་འགྲུགས་ལགས་ཀྱང་མགོ་སྐོར་བསླུ་བྲིད་འོག་ནག་ཆུ་བཙོན་ཁང་དུ་བཅུག་ཡོད་འདུག  དགུང་ལོ་ ༤༧ ཡིན་པའི་མཁན་ཟུར་རིན་པོ་ཆེ་རྒན་ཐུབ་བསྟན་ཐབས་མཁས་ལགས་ནི། ༡༩༨༢ ལོར་དགོན་པ་དེ་ཉམས་གསོ་གསར་བཞེངས་སྐབས་ཆོས་སྒོར་ཞུགས་ཏེ། དགོན་པའི་ནང་ཆོས་སྤྱོད་རྒྱུད་སྡེ་བཅས་ལ་གསན་བསམ་གནང་ཞིང། ༡༩༩༥ ལོར་མཚན་ཉིད་གྲྭ་ཚང་གི་རྩིས་བཞག་དགེ་བཤེས་ལོ་ ༡༠ ཙམ་གནང་བ་དང་། རྗེས་སུ་གྲྭ་ཚང་གི་མཁན་པོར་ཕེབས་ཏེ་ཆོས་ཕྱོགས་ཀྱི་བྱ་བ་རྒྱ་ཆེར་སྤེལ་གནང་མཛད། དགུང་ལོ་ ༣༠ ཡིན་པའི་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས་ནི། ༡༩༨༨ ལོར་ཆོས་སྡེ་འདིར་ཞུགས་ཤིང་རྒྱ་ནག་ནང་པའི་གྲུབ་མཐའ་དང་གཞུང་ཆེན་སོགས་ལ་སློབ་གཉེར་གནང་བ་དང་། དགོན་པའི་རྩིས་བཞག་གནང་ཡོད། དགུང་ལོ་ ༣༤ ཡིན་པའི་རྒན་བརྩོན་འགྲུས་ལགས་ནི། ༡༩༨༨ ལོར་ཆོས་སྡེ་འདིར་ཞུགས་པ་དང་དགོན་པའི་དམངས་གཙོ་བདག་གཉེར་གྱི་ལས་དོན་གནང་བཞིན་ཡོད་འདུག གོང་གསལ་དགེ་འདུན་པ་གསུམ་བཙན་གྱིས་བཙོན་འཇུག་བྱས་ཏེེ་ཉིན་༡༠ ལྷག་འགྲོ་བཞིན་ཡོད་ནའང་། རྒྱ་གཞུང་གིས། ཁོང་ཚོ་འཛིན་བཟུང་བྱས་རྐྱེན་དང་ནག་ཉེས་ཅི་ཡིན་གསལ་ཁ་ཅི་ཡང་མེད་པ་མ་ཟད། ཕ་མ་དང་གཉེན་ཉེ་དག་ལ་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་ཀྱིན་མེད་པས་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱིན་མེད་པ་རེེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply