བཀའ་ཁྲིའི་སྐུ་དྲིན་དྲན་བཞིན་འཚོལ།

བཀའ་ཁྲི་རིན་པོ་ཆེ་ལགས། ཁྱོད་ནི་དུས་ཀྱི་འགྱུར་ཁུགས་དང་དགུང་ལོའི་བབ་ཁྲིམས་ཀྱི་དབང་འགྱུར་སོགས་རྒྱུ་རྐྱེན་དུ་མ་ཞིག་ལ་རྟེན་ནས་ལུགས་ཟུང་ནོར་ལས་བཞེངས་པའི་ཁྲི་མཐོན་པོ་དེ་ནས་ཕེབས་དགོས་བྱུང་བ་ནི་བདག་ཅག་གངས་ཅན་པ་རྣམས་ཀྱི་བསོད་ནམས་གོ་སྐལ་དམན་པའི་རྐྱེན་ལས་བྱུང་བ་ནི་གོར་མ་ཆགས། འོན་ཀྱང་བཞུད་ཟིན་པའི་ལོ་ཟླ་དང་དེའི་ཁྲོད་ཀྱི་བཀའ་ཁྲི་ཁྱོད་ཀྱི་མཛད་པ་ལ་ཕྱི་མིག་དང་རྒྱང་བལྟ་ཞིག་བྱས་ནས་ཉུལ་ཞིབ་བྱེད་ཁུལ་བྱེད་ན། སྐུ་ཉིད་ཀྱི་དབྱུགས་འབྱུང་རྔུབ་ཚུན་ཆད་བདག་ཅག་བསིལ་ལྡན་པ་རྣམས་ཀྱི་དོན་དུ་ཡིན་པ་ནི། ང་ཚོ་ཚང་མའི་ཤེས་གསལ་དང༌། གཅིག་དང་གཉིས་སུ་བགྲངས་མི་ནུས་པ་ནི་རྗེ་བདག་ཉིད་ཆེན་པོའི་ ཁྱོད་ཀྱི་ཡོན་ཏན་བརྗོད་པ་སུ་ཡི་ནུས། ཞེས་གསུངས་པ་ལྟར་ ཁོ་བོས་དེ་བས་ག་ལ་ནུས། དེ་ནས་ཁོ་བོས་མིག་ལམ་དུ་འགྱུར་བའི་ལས་དོན་གལ་འགངས་ཆེ་བ་འགའ་ཞིག་ནི་ མཉམ་མེད་ཤཱཀྱ་སེང་གེས་བདུད་བཏུལ་བས་མཛད་པ་ལྟ་བུ་གང་ཉིད་བཀའ་ཁྲིར་བཞེངས་མ་ཐག དཔལ་འབྱོར་ལམ་ལུགས་ལ་སྒྲིག་སྲོལ་བླ་ན་མེད་པ་ཞིག་གསར་གཏོད་བྱས་ནས་སྤྱི་རྒྱུ་སྒེར་སྤྱོད་རིང་ལུགས་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛད་ནས་དེ་སྔ་བུ་ལོན་གྱི་རི་རབ་སྤུངས་པའི་བཙན་བྱོལ་བོད་གཞུང་དེ་ད་ལྟ་སྤྲིན་རྡུལ་གྱིས་ཡོངས་སུ་དག་པའི་སྟོན་དུས་ཀྱི་ལྷ་ལམ་ལྟ་བུར་གཞུང་བཟང་བཙུགས་པ་ནི། ཁྱོད་ཀྱི་མཛད་ཆེན་དང་པོ་དང༌། ༧གོང་ས་རྒྱལ་དབང་ཡིད་བཞིན་ནོར་བུའི་དགོངས་གཞི་བླ་ན་མེད་པ་དང༌། ལྷག་པར་དུ་ཡང་པཎ་ཆེན་ཐམས་ཅད་མཁྱེན་པས་བཙན་བྱོལ་གཞུང་གི་སྐུ་ཚབ་རྣམས་ལ་བསྩལ་བའི་བཀའ་སློབ་ཟབ་མོའི་ནང་ད་རེས་ཁྱེད་ཚོས་དབུས་གཞུང་དང་བཀའ་མོལ་གསལ་པོ་ཡག་པོ་བྱུང་འདུག དོན་དག་ལམ་སེང་འགྲུབ་རྒྱུ་ཁག་པོ་རེང༌། སེམས་ཤུགས་ནམ་ཡང་ཆག་མི་རུང༌། འབྲེལ་བ་མུ་མཐུད་བྱེད་རྒྱུ་བྱས་པ་དེ་ཡག་པོ་རེད། ལན་དགུ་ཆད་དགུ་མཐུད་ཀྱི་དཔེ་ལྟར་འབད་བརྩོན་བྱེད་དགོས། ཞེས་རྒྱལ་བ་ཡབ་སྲས་གཉིས་ཀྱི་དགོངས་གཞི་དང་བཀའ་སློབ་ཉམས་ལེན་གྱི་སྙིང་པོར་བྱས་ནས་རྒྱལ་བོད་འབྲེལ་མོལ་ལམ་བོད་རྒྱ་ཞི་མོལ་གྱི་ལམ་སྲོལ་བཟང་པོ་དེ་སླར་ཡང་འབྲེལ་མཐུད་བྱེད་ཐུབ་པ་ཙམ་དུ་མ་ཟད། རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་མཛད་པ་འཕྲིན་ལས་དང༌། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་བཞེངས་ཕྱོགས་གཞི་ལུས་བོད་མིའི་དཀའ་སྡུག་དང༌། དེ་གསལ་ཐབས་སྐོར་ངག་ལམ་ནས་རྒྱ་ཡི་དཔོན་རིགས་རྣམས་ལ་ར་སྤྲོད་དང༌། དག་ཐེར་བྱེད་རྒྱུ་བྱུང་བ་དེ་གང་གི་ཕུལ་བྱུང་གི་མཛད་པ་དང༌། གཞིས་ཆགས་སྲ་བརྟན་དང་མི་རིགས་མཉམ་གནས། ཤེས་ཡོན་རྒྱུན་འཁྱོངས་ཐུབ་ཐབས་སུ་མི་རིགས་རང་ཉིད་ཤིན་ཏུ་གོམས་འདྲིས་དང༌། མེས་པོ་གོང་མ་རྣམས་ཀྱིས་དེ་བས་བསྔགས་པ་ནི། སོ་ནམ་ཞིང་ལས་ཡིན་ལ་དེ་དེ་ལྟར་ཡོང་ཐབས་སུ་ལྷོ་ཕྱོགས་གཞིས་ཆགས་རྣམས་སུ་སྐལ་བ་བརྒྱ་ཕྲག་དང་འབད་པ་སྟོང་ཕྲག་གི་ལམ་ནས་སྲོལ་རྒྱུན་གྱི་སོ་ནམ་འདེབ་ལས་ཐོག་དམིགས་ཀྱིས་བཀར་ནས་ཆེད་ལས་མི་སྣ་མགྲོན་འབོད་དང༌། ཟབ་སྦྱོང་སོགས་མི་རྒྱུ་གང་ཐད་ནས་རོགས་སྐྱོར་དང་ཐུགས་འཁུར་བདག་གིར་བཞེས་ཡོད་པ་དང༌། དེ་དང་དེས་མཚོན་པའི་བདག་ལྟ་བུ་བྱིས་བའི་བློས་གཞལ་དུ་མེད་པའི་ཆོས་སྲིད་ཀྱི་མཛད་ཆེན་དུ་མ་ཞིག་མ་འོངས་བཀའ་ཁྲི་འོས་མི་རྣམས་ལ་སློབ་གསོའི་ཚུལ་དུ་བཞག་ཡོད་ལ། དེ་དང་ཕྱོགས་མཚུངས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་དང་མ་འཐུས་པ་དང་མ་འགྲིག་པའི་རྣམ་འགྱུར་སྟོན་མཁན་ཡང་ཡོད་ལ། དེ་ནི་མང་གཙོ་གཞུང་ཞིག་ལ་མཚོན་ན་ངེས་པར་དུ་དགོས་པའང་ཡིན་ལ་ཕན་ཐོགས་ཀྱང་གང་འཚམ་ཡོད། དེ་ལས་དཔེ་མཚོན་གཞན་ཞིག་ནི། ཟླ་མེད་སྟོན་པ་ཐུགས་རྗེ་ཆེན་པོ་དེ་ལའང་སྐྱོན་བརྗོད་བྱེད་མཁན་བྱུང་ཡོད་པས་དེ་དག་ལ་ཡ་མཚན་དོན་མེད་ལ། ཁོང་གི་བཀའ་དྲིན་ཆ་ཙམ་གསབ་ཕྱིར་དུ་བདག་ཅག་གངས་ཅན་པ་རྣམས་ཀྱིས་སྟོང་གསུམ་གསེར་ཏུ་བསྐངས་ནས་ཕུལ་ནའང་ག་ལ་འཐུས། མཚམས་དེར་ཁོ་བོའི་བསམ་གཞིགས་ངོ་མ་ནི་གྲྭ་རྐྱང་གི་རྣམ་ཐར་འཛིན་ལ་ཤེས་ཡོན་གྱི་རི་རབ་སྤུངས་པའི་བཀའ་ཁྲི་མཆོག་གོང་གསལ་ཁྲི་མཐོན་པོ་དེ་ནས་བཞུད་ཟིན་པའི་རྗེས་ལ་ཁྱེད་ལྟ་བུས་གལ་འགངས་ཆེ་བའི་བཀའ་ཁྲིར་འོས་པའི་མི་སྣ་ཞིག་བཙན་བྱོལ་བོད་མིའི་གནས་སྡོད་གང་སར་ཕྱག་སྟོང་གིས་སྦར་ཉུལ་དང་སྤྱན་སྟོང་གིས་འཚོལ་བར་འབད་ནའང་རྙེད་ཐབས་མེད་པ་ནི། ངའི་ལུས་སེམས་གཉིས་ཀར་ཟློག་ཏུ་མེད་པའི་དཀའ་ངལ་ལྕི་མོ་ཞིག་ཡིན་ན། དེའི་རྒྱུ་མཚན་ནི་ཤེས་ཡོན་དང་ལྷག་བསམ། བྱམས་རྩེ་དང་ཐུགས་འཁུར། དྲང་བདེན་དང་ལ་རྒྱ། བོད་མི་ས་ཡ་དྲུག་ལ་ཤིན་ཏུ་བརྩེ་བའི་སེམས་བསྐྱེད་ལྷག་པར་དུའང་༧གོང་ས་སྐྱབས་མགོན་ཆེན་པོས་བཀའ་དགོངས་ཆ་ཙམ་ཞིག་ཀྱང་འགལ་མེད་ཐོག་ཆོས་སྲིད་ཀྱི་འཁོར་ལོ་སྐོར་མཁས་པ་གང་ཉིད་ལྟ་བུ་ཞིག་ད་ལྟ་ཕན་བྱུང་མ་མྱོང་ལ་ད་ལྟའང་འཇིག་རྟེན་འདིར་བྱོན་མེད་ལ། མ་འོངས་པའང་དཀའ་བར་གནས་པ་དེ་ཡིན། མཐའ་དོན་དུ་མ་འོངས་བཀའ་བློན་ཁྲི་པ་དེ་ག་འདྲ་ཞིག་ཡོང་མིན་ད་ལྟ་ང་ཚོའི་ལག་ན་ཡོད་པའི་སྐབས་འདིར་དུས་ཚོད་ཀྱི་འགྲོ་གྲོན་དང༌། རྣམ་དཔྱོད་ཀྱི་རྒྱ་མཚོ་དཀྲུགས། འཐེན་འཁྱེར་གྱི་དུག་རྩ་སྤངས་ནས་མི་རེ་ངོ་རེས་བཀའ་ཁྲི་དེ་ད་ལྟ་ནས་འཚོལ་དགོས་ལ། དེ་ཡང་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་མེ་ལྕེ་གྱེན་དུ་འབར་བཞིན་པའི་དུས་སྐབས་འདིར་དེ་དག་བདག་ཉར་དང་གཅེས་སྐྱོང་བྱེད་ཐུབ་པའི་མི་སྣ་ཟམ་གདོང་གཉིས་པ་ལྟ་བུ་ཞིག་ངེས་པར་དུ་འཚོལ་རོགས་གནང༌།

སེར་སྨད་ཨེམ་རྗེ་བློ་བཟང་ཤེས་རབ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

15 thoughts on “བཀའ་ཁྲིའི་སྐུ་དྲིན་དྲན་བཞིན་འཚོལ།

  1. རྟ་བདུན་རྒྱལ་བོ།

    བཀའ་བློན་ཁྲི་བ་ཟེར་བ་དེ་བོད་པའི་སྤྱི་ཚོགས་ཁྲོད་དུ་སྔར་གྲགས་མ་མྱོང་བ་ཞིག་གཏན་ནས་ཡོངས་མི་སྲིད་པ་རེད། རྒྱུ་མཚན་དེའི་ཕྱིར་ང་ཚོས་ཕར་བཙལ་དགོས་རྒྱུ་མ་རེད་ལ། བཙལ་ནའང་ས་འོག་གི་གཏེར་ནང་བཞིན་སྔར་མེད་པ་ཞིག་གསར་དུ་རྙེད་ཀྱི་མ་རེད་། བཀའ་བློན་ཁྲི་བའི་འོས་གཞི་ནི་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་མཁན་ཤེས་འཇོན་གཉིས་ལྡན་ཞིག་ངེས་པར་དུ་ཡིན་དགོས་རྒྱུ་རེད་། དེ་ཡང་དམངས་གཙོ་རྒྱལ་ཁབ་དང་བསྟུན་ན་སོ་སོའི་འོས་མཁན་ཚོས་རང་ངོས་ནས་བོད་མི་དམངས་ལ་ཞབས་འདེགས་སྒྲུབ་ཕྱིར་བཀའ་བློན་ཁྲི་བར་ཕེབས་རྒྱུ་འདུན་པ་ཆེ་ཆེར་ཡོད་པ་དང་། དེའི་དོན་དུ་རང་ཉིད་ཐོབ་ཐབས་ལ་ལས་འགུལ་སྣ་ཚོགས་སྤེལ་བ་སོགས་བྱེད་དགོས་པ་དེ་ཀ་རང་རེད་། ང་ཚོའི་ངོས་ནས་ཉེ་རིང་ཆགས་སྡང་སྤངས་ཏེ་བློ་གཟུ་བོར་གནས་པའི་སྒོ་ནས་མི་ཤེས་འཇོན་གཉིས་ལྡན་ཞིག་འདེམས་རྒྱུ་དེ་རེད་། བོད་པའི་སྤྱི་ཚོགས་ཁྲོད་དུ་རྨོངས་དད་ཤུགས་ཆེན་པོ་ཡོད་སྟབས་བླ་མ་ཞིག་འདེམས་མི་སྲིད་མ་རེད་། འོན་ཀྱང་དེ་ནི་ཤིན་དུ་ནོར་འཁྲུལ་རེད་། རྒྱུ་མཚན་ནི་བླ་མ་རྣམས་ཆོས་ཀྱི་རྣམ་ཐར་གཙང་མ་ཞིག་བཟུངས་ནས་གཞན་ལ་ཕན་ཇི་ཐོགས་བྱེད་རྒྱུ་དང་། ཆབ་སྲིད་པ་ཚོས་རང་གི་མི་རིགས་དང་རྒྱལ་ཁབ་ཁོ་ནར་དམིགས་ནས་ཁེ་ཕན་བསྒྲུབ་རྒྱུ་དེ་རེད་། ཆོས་དང་ཆབ་སྲིད་གཉིས་ནི་ཁ་ཁ་རེད་། ཆོས་ཕྱོགས་ནས་ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན་། གྱོང་དང་ཕམ་ཁ་རང་གིས་ཁུར་ཟེར་བ་ལྟར་སྒྲུབ་དགོས། སྲིད་ཕྱོགས་ནས་རང་གི་མི་རིགས་དང་རྒྱལ་ཁབ་ཀྱི་་ཁེ་ཕན་ཁོ་ན་སྒྲུབ་དགོས། རྒྱུ་མཚན་འདི་དག་ལ་བརྟེན་ནས་བླ་མ་ཞིག་མ་འདེམས་ན་དགེ་མཚན་ཆེན་པོ་ཡོད་པ་མཁྱེན་རོགས་ཞུས། འོས་གཞི་དེ་ཡང་རང་ལོ་བཞི་བཅུ་ཡན་དང་དྲུག་ཅུ་མན་གྱི་བར་ན་ཡོད་པའི་མི་ཤེས་འཇོན་གཉིས་ལྡན་། ལོ་མང་རིང་བཙན་བྱོལ་བོད་གཞུང་གི་ལས་བྱེད་བྱས་མྱོང་ཡོད་པ་ཅིག་འདེམས་ན་ལེགས་པར་མངོན་ནོ་། །

  2. བཀའ་ཁྲིའི་སྐུ་དྲིན་དྲན་དགོས་མིན་ནི་གནས་ཚུལ་གཞན་ཞིག་རེད། བཀའ་ཁྲིའི་ལས་འགན་གྱི་ཆ་ནས་བརྗོད་ན། བཀའ་ཁྲིའི་ལས་འགན་གཙོ་བོ་ནི་སྲིད་དོན་ཡིན་དགོས་པ་ལས་ཆོས་དོན་མིན། སྲིད་དོན་གཙོ་བོར་མ་གནང་ན་མི་རིགས་ཤིག་གི་སྲིད་བློན་ལྟ་བུ་སྟེ་བཀའ་ཁྲིའི་ལས་འགན་གཙོ་བོ་དེ་མ་བསྒྲུབས་པ་ཡིན་ལ། མི་མང་གིས་འོས་འདེམས་བྱས་པའི་བཀའ་ཁྲིའི་དགོས་དོན་ཡང་གཏན་ནས་མ་བྱུང་བ་ཡིན། ད་ལྟའི་བཀའ་ཁྲི་ལ་བསྟོད་བསྔགས་བྱེད་འོས་པའི་ཆ་མང་ན་ཡང་། མི་རིགས་ཤིག་གི་སྲིད་དོན་གཙོ་བོར་བསྒྲུབ་དགོས་པའི་བཀའ་ཁྲིའི་ངོས་ནས་སྐྱོན་ཆ་ཡང་མང་པོ་ཞིག་ལྷག་འདུག བོད་མི་རིགས་ལ་ཆོས་དོན་གཙོ་སྒྲུབ་བྱེད་མཁན་གྱི་མི་སྣའི་རིགས་ནི་མང་སྐྱོན་ཡིན་པ་ལས་ཉུང་སྐྱོན་གཏན་ནས་མིན། ཁ་དན་ཚིག་ལ་མི་གནས་པ་དང་། མི་རིགས་དང་སྲིད་དོན་ལ་བསམ་ཤེས་མེད་མཁན་ཞིག་གིས་ཆབ་སྲིད་ཀྱི་ལྟ་གྲུབ་གཙོ་བོར་འཁྱེར་དགོས་པའི་སྲིད་གཞུང་ཞིག་གི་དབང་འཛིན་སྣེ་ཁྲིད་བྱེད་པ་ནི་ཡང་དག་པའི་ལས་ཤིག་ཏུ་མ་མཐོང་། དེའི་ཕྱིར་མ་འོངས་པའི་བཀའ་ཁྲི་ལ་མི་སྐྱ་ཞིག་འོས་འདེམས་བྱེད་ཐུབ་ན་ལེགས་པར་མཐོང་ངོ་།།