༡༩༦༩ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    གསུམ་བཅུའི་དུས་ཚེས་འདི་ནི་ང་ཚོར་དམིགས་བསལ་གལ་ཆེའི་ཉིན་མོ་ཞིག་ཏུ་གྱུར་ཡོད་ཅིང༌། དེ་ཡང་བོད་མི་ཙམ་དུ་མ་ཟད། འགྲོ་བ་མིའི་རིགས་ཀྱི་དགའ་གཅེས་ཆེ་ཤོས་བྱེད་པའི་ཞི་བ་དང་རང་དབང་ལ་རྒྱལ་ཁབ་ཀྱི་སྲོག་ལྟར་བལྟ་བའི་མིའི་རིགས་ཀུན་ལའང་དེ་བཞིན་ཡིན། བོད་མི་ཚོས་བོད་རང་དབང་རང་བཙན་མཐའ་གཅིག་ཏུ་སྒྲུབ་པའི་བརྩོན་ཤུགས་སྙིང་སྟོབས་ཀྱི་ངོ་བོ་མཚོན་ཞིང༌། ལོ་རྒྱུས་ལྡན་པའི་བོད་མིའི་ངོ་རྒོལ་སྒེར་ལངས་དེ་བྱས་ནས་ད་ཕན་མི་ལོ་བཅུ་སོང༌། ང་ཚོའི་གཞིས་ལུས་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་འཇིགས་དངངས་གཅེར་གསལ་དུ་ཐོན་པའི་གནས་ལུགས་རྣམས་ལ་བསམ་གཞིགས་བྱས་ན་ད་ཕན་སོང་བའི་ལོ་བཅུ་དེ་ནི་ཆེས་རིང་པོའི་དུས་ཚོད་ཅིག་མིན། འཛམ་གླིང་གི་ཡང་ཐོག་ཏུ་མིས་མི་ལ་བཙན་གནོན་བྱེད་པའི་དཀའ་སྡུག་དེ་ནི་ལོ་རེ་ནས་ལོ་རེར་ཇེ་ཆེ་ཇེ་ཟབ་ཏུ་ཕྱིན་ཡོད། མངའ་བདག་གསུམ་ལ་ངོ་རྒོལ་ལམ། ཤེས་རིག་གསར་བརྗེ་འམ། གསར་བརྗེའི་ཚོགས་པ། བསམ་བློའི་དྲིལ་བསྒྲགས་ཚོགས་པ་སོགས་ལས་དོན་གསར་པའི་རྣམ་པས་མིང་གི་ཕྱི་གོས་ཇི་འདྲ་ཞིག་གཡོགས་རུང༌། དོན་ལ་དེ་དག་ཚང་མ་བོད་མིའི་ངོ་བོ་རྩ་མེད་གཏོང་བའི་ལག་ཆ་འབའ་ཞིག་ཡིན། དེ་འདྲའི་གནས་སྟངས་མགྱོགས་མྱུར་ཇེ་སྡུག་ཏུ་ཕྱིན་པ་དེས་ཆེས་ཛ་དྲག་གི་གནས་ཚུལ་ཐབས་རྡུགས་ཀྱི་རྣམ་པ་བསྟན་པ་རེད། རྒྱ་དམར་གུང་བྲན་གྱི་དྲིལ་བསྒྲགས་ཁང་ནས། བོད་མི་ཚོས་ཡར་རྒྱས་དང་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་མྱོང་གི་ཡོད་པའི་སྟོང་འུར་ཡང་ཡང་བརྗོད་པ་དེ་ནི་གནས་ཚུལ་དངོས་ཡོད་རྣམས་ཁོང་ཚོའི་རང་འདོད་ལྟར་སྒྱུར་བཅོས་བྱས་ཏེ་དེ་ལ་འཛམ་གླིང་མི་མང་མགོ་འཁོར་ཏེ་ཁོང་ཚོར་རྒྱབ་སྐྱོར་དང་ཡིད་ཆེས་ཐོབ་པའི་རེ་བ་བྱས་པ་ཞིག་རེད།

    འོན་ཀྱང་བོད་ནང་གི་དངོས་ཡོད་གནས་ཚུལ་ངོ་མ་རྣམས་ལ་གཞིགས་ན་ངོ་ཚ་ཁྲེལ་མེད་དུ་བཤད་པ་དེ་རྣམས་རྫུན་དུ་མཐོང་ཐུབ། དངོས་དོན་དུ་བོད་མིའི་འདོད་པར་མི་འཐད་པ་དང༌། ངོ་རྒོལ་གྱི་རྣམ་པ་དེ་བསམ་སྤྱོད་གང་ཅིའི་ཆ་མང་པོར་ཁྱབ་སྟེ་གནས་ཡོད། རྒྱ་ནག་ཏུ་འཁྲིད་ནས་རྒྱ་དམར་གྱིས་སློབ་གསོ་སྤྲད་པའི་བོད་ཀྱི་གཞོན་ནུ་ཚོས་བོད་དུ་ཕྱི་རྒྱལ་གྱི་དབང་སྒྱུར་ཡོད་པ་ཙམ་ལ་ངོ་རྒོལ་བྱེད་མཁན་ཇེ་མང་དུ་འགྲོ་བས་མ་ཚད། དངོས་སུ་བསྟོར་རྒོལ་གྱི་བྱ་སྤྱོད་མང་པོའི་ནང་དུའང་འཛུལ་ཞུགས་བྱས་ཡོད། རྒྱ་མི་གུང་བྲན་ཚོའི་བསམ་པར། བོད་མིའི་ལུས་སྲོག་ནི་མེ་གཏོང་ཆུ་ལེན་ལྟ་བུའི་རྒྱུན་ལས་དང༌། འཁྲུལ་འཁོར་གྱི་ཡོ་ཆས་ལྟ་བུའི་འདུ་ཤེས་ལས་མེད། གཞི་རྩའི་ཐོབ་ཐང་རྣམས་སྨོས་ཅི། བོད་མིར་འགྲོ་བ་མི་ཡིན་ཙམ་གྱི་ཐོབ་ཐང་ཙམ་ཡང་སྤྲད་མེད། མིའི་ཐེག་ཚད་ལས་བརྒལ་བའི་བཙན་དབང་མནར་གཅོད་ཆེས་ཏེ་བོད་མི་ཤིན་ཏུ་མང་པོ་ཞིག་དུས་མིན་འདས་གྲོངས་སུ་འགྲོ་བཞིན་པ་ཡིན་ནའང༌། བཙན་དབང་ཇི་ཙམ་བཏང་བའི་ཚོད་ཀྱིས་ཕྱི་རྒྱལ་བཙན་འཛུལ་མཁན་ལ་ངོ་རྒོལ་བྱ་སེམས་ཇེ་ཆེར་འགྲོ་བ་དེ་ད་དུང་གནས་མུས་མ་ཟད། ཁོང་ཚོའི་སེམས་ཤུགས་དང༌། ཡིད་ཆེས་ཆེན་པོས་བོད་ཡུལ་དེ་ཉིན་གཅིག་རང་དབང་ཡོང་རྒྱུར་རེ་སྒུག་བྱེད་བཞིན་པ་རེད།

    ཉེ་དུས་གོ་ཐོས་ལྟར་ན། ངོ་རྒོལ་གྱི་བྱ་སྤྱོད་དེ་ནི་བཙོན་ཁང་ནང་དང༌། ངལ་རྩོལ་གྱི་རྭ་བ་ཁག་ཏུའང་ཁྱབ་འདུག བཙོན་པ་ཚོ་དང༌། ངལ་རྩོལ་པ་ཚོས་རྒྱ་དམར་གྱི་བཙོན་སྲུང་པའི་ཁོང་ཁྲོ་གདུག་རྩུབ་ལ་འཛེམས་ཟོན་མེད་པར་རང་རང་གི་སེམས་ཤུགས་མ་བརླགས་པའི་ཆེད་དུ་བོད་རང་དབང་རང་བཙན་ཡིན་ལུགས་དང༌། རྒྱ་དམར་གྱིས་བོད་ཀྱི་རང་བཙན་ལ་བསྟོར་རྐྱེན་བཏང་ལུགས་སྐོར་གླེང་མོལ་བྱ་གི་ཡོད་འདུག བོད་ཀྱི་རྒྱལ་རབས་ཤེས་མཁན་བཙོན་པ་ཚོར་བྱིངས་ནས་བོད་རང་དབང་གི་སྲིད་དོན་གནས་སྟངས་དང་རྒྱལ་རབས་འགྲེལ་བཤད་བྱ་གྲོགས་བརྗོད་ཀྱི་ཡོད་པ་རེད། ཕྱིའི་དབང་སྒྱུར་ལ་མི་དགའ་བ་དང༌། སྐྱོན་བརྗོད་ཀྱི་རྣམ་འགྱུར་རྣམས་བཙོན་པ་དང༌། དོ་དམ་ཁོངས་ཚུད་པའི་མི་ཚོས་གླུ་གཞས་ཀྱི་ཚུལ་དུ་གཏོང་ཞིང༌། དེ་ནི་མེ་ལྕེ་འགོག་མེད་དུ་མཆེད་པ་ལྟར་རྒྱ་ཁྱབ་ཏུ་ཁྱབ་འཕེལ་འགྲོ་བཞིན་པ་རེད། སྡུག་བསྔལ་མྱོང་བཞིན་པའི་བོད་ལུས་བོད་མི་ཚོའི་རེ་བ་ནི་ང་ཚོ་ལ་བྱེད་ཅིང༌། ང་ཚོ་ནི་ཁོང་ཚོའི་རེ་བ་དང༌། དམིགས་ཡུལ་རྒྱལ་ཁབ་རང་བཙན་སྒྲུབ་པའི་རྟགས་མཚན་དུ་ངོས་འཛིན་བྱེད་ཀྱི་འདུག བོད་ནང་དུ་ཡོད་པའི་ང་ཚོའི་མི་མང་ཚོས་ང་ཚོར་རེ་བ་དང༌། ཡིད་ཆེས་ཆེན་པོས་འགན་བསྐུར་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ང་ཚོས་དུས་རྟག་ཏུ་འབད་བརྩོན་བྱེད་དགོས་པ་དེ་ལྟར་ཡིན།

    མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་སྙན་སྐུལ་ཐེངས་འགའ་ཤས་ཞུས་ཡོད་ཅིང༌། བདེན་འབྲེལ་བོད་མི་རྣམས་ནས་སྡུག་བསྔལ་ཇི་ལྟ་བུ་མྱོང་གི་ཡོད་པ་དང༌། བོད་ཀྱི་གནས་ཚུལ་དངོས་བདེན་རྣམས་འཛམ་གླིང་ནས་ཤེས་རྟོགས་ཐུབ་པའི་ཆེད་འབད་བརྩོན་བྱེད་བཞིན་པ་ཡིན། ཕྱོགས་མཚུངས་བོད་དོན་ཐོག་ཤ་ཚ་དང༌། རྒྱབ་སྐྱོར་ཡོང་བའི་ཆེད་དུའང་ལས་འགུལ་ཇི་སྙེད་ཅིག་བྱས་ཡོད། ང་ཚོས་དཀའ་ངལ་དྭང་ལེན་གྱིས་འབད་རྩོལ་བྱེད་པ་འདི་བོད་ནང་གི་གནས་ཚུལ་ཤིན་ཏུ་ཐབས་རྡུགས་དེའི་ཆེད་དུ་ཡིན་པ་ངེས་པར་ཤེས་དགོས། བོད་དུ་ལུས་པའི་བོད་མི་ཚོ་ལུས་སེམས་གཉིས་ཀའི་དཀའ་སྡུག་ཚད་ལས་བརྒལ་བའི་མུན་དོང་དུ་ལྷུངས་ན་ཡང་ད་དུང་བསྐྱར་དུ་རང་དབང་ལྡན་པའི་མི་རིགས་ཤིག་བྱ་རྒྱུའི་སེམས་ཤུགས་ཡོད་སྟབས་ང་ཚོས་ཀྱང་རྒྱལ་ཁབ་དང་མི་མང་གི་འགན་འཁུར་རྩ་ཆེ་སྒྲུབ་པའི་འབད་བརྩོན་འདི་ལྟར་བྱེད་དགོས་པ་བྱུང་བ་མ་གཏོགས། བོད་དུ་ཡོད་པའི་བོད་མི་མང་ཚོགས་ལ་རྒྱ་དམར་གྱིས་བརྗོད་དོན་ལྟར་ཞི་བདེ་འདོད་ཁེངས་ཡོད་ན། ང་ཚོས་རྒྱལ་ཁབ་ཀྱི་ལས་དོན་དེ་གཙོ་བོར་བྱེད་དགོས་དོན་མེད།

    བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་བོད་ཀྱི་སྲིད་གཞུང་ཇི་འདྲ་ཞིག་འཛུགས་མིན་ནི་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་མ་ཟད། ཏཱ་ལའི་བླ་མས་འཛིན་སྐྱོང་བྱེད་པའི་གཞུང་གི་སྲོལ་ལུགས་འདི་ཡང་ཡོང་གི་ཡོད་མེད་ངེས་པ་མེད། མ་འོངས་པའི་བོད་ཀྱི་ཐག་གཅོད་ནི་བོད་མི་མང་རང་གིས་བྱེད་ངེས་ཡིན་ཅིང༌། ལྷག་པར་དེང་དུས་ཀྱི་ཤེས་ཡོན་སྦྱང་བརྩོན་བྱས་པའི་གཞོན་སྐྱེས་ཡར་ཐོན་ཅན་ཚོའི་བསམ་ཚུལ་གྱི་ནུས་ཤུགས་འདོན་ངེས་ཡིན། ང་ཚོའི་ཕྲག་པར་ཡོད་པའི་འགན་འཁུར་ཆེན་པོ་འདིར་ཡིད་འཇོག་བྱས་ཏེ་དེང་དུས་མྱུར་མགྱོགས་ངང་འགྱུར་བཞིན་པའི་འཛམ་གླིང་གི་གནས་ཚུལ་ལ་དོ་སྣང་བྱེད་དགོས་ཞེས་ངའི་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ཡིན།

    ང་ཚོར་ཤེས་རིག་དང་ཡོན་ཏན་མང་ལ་ཕྱུག་པ་ཡོད་པས། འགྲོ་བ་མིའི་ཤེས་ཡོན་ཕྱུག་ཏུ་གཏོང་བ་ལ་ང་ཚོས་ལམ་ཕྱོགས་མང་པོ་ཞིག་ནས་ཞབས་འདེགས་སྒྲུབ་ཐུབ་པ་ཡོད། དེང་དུས་མི་མང་པོས་དཀའ་ངལ་དྭང་ལེན་དུས་ཚོད་བློས་བཏང་གིས་ཆོས་ཕྱོགས་སུ་སློབ་སྦྱོང་ཉམས་ལེན་བྱེད་བཞིན་པ་དང༌། ལྷག་པར་ནང་པ་སངས་རྒྱས་པའི་ལྟ་བ་ལ་དོ་སྣང་དང༌། བརྩད་དཔྱོད་སློབ་སྦྱོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། སྟབས་ལེགས་ཤིག་ལ་ང་ཚོའི་སྐད་ཡིག་ནང་སངས་རྒྱས་ཀྱི་ཆོས་ཚུལ་ཆ་ཚང་ཞིང༌། ཆེས་ཕྲ་ཞིང་ཟབ་པའི་ལྟ་བའི་གནད་མཐར་ཐུག་པ་རྣམས་ཀྱང་ཡོད་པས་དེ་དག་ཤེས་པ་ལ་སྐད་ཡིག་གཞན་ཞིག་ལ་བརྟེན་དགོས་པའི་དཀའ་རྙོགས་གང་ཡང་མེད། དེས་ན་ང་ཚོའི་གཞོན་ནུ་ཚོས་དེ་འདྲའི་མཐུན་རྐྱེན་འདི་རྩ་བ་ཆེན་པོ་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ་པ་དགོས་ཤིང༌། གཞོན་ནུ་མང་ཙམ་ཞིག་ནས་མཐུན་རྐྱེན་འདི་དག་བེད་སྤྱོད་བྱསཏེ་འཛམ་གླིང་གི་ཆོས་དང་ཤེས་རིག་ལ་ཞབས་འདེགས་ཕྲན་བུ་ཞིག་སྒྲུབ་པའི་རེ་བ་ཡོད།

     ད་ཕན་ང་ཚོ་བཙན་བྱོལ་བྱས་ཏེ་ལོ་བཅུ་སོང་བའི་རིང་ཤེས་རིག་དང༌། གཞིས་ཆགས་ཀྱི་ལས་དོན་ཐོག་གྲུབ་འབྲས་གང་འཚམས་ཞིག་ཐོན་ཡོད་ཅིང༌། གཞིས་ཆགས་ཀྱི་ལས་དོན་ནི་གང་མགྱོགས་མཇུག་བསྡོམས་བྱ་ཉེར་ཡོད། དེ་མཚམས་ནི་ང་ཚོའི་འཚོ་བའི་གནས་ཚད་ཡར་རྒྱས་སུ་གཏོང་ཐབས་ལ་འབད་བརྩོན་བྱེད་དགོས། དེང་སྐབས་རང་རེའི་གནས་སྟངས་འདི་འདྲ་ཞིག་བྱུང་བ་ནི་རྒྱ་གར་གཞུང་དང་མི་མང་གི་དྲིན་ལ་བརྟེན་ནས་བྱུང་བའང་ཤེས་དགོས། བོད་མྱུར་མགྱོགས་རང་དབང་རང་བཙན་ཡོང་མིན་ནི་གཙོ་བོར་བོད་མི་མང་གི་བྱ་ལས་ལ་རག་ལུས་ཡོད་པས་ང་ཚོ་རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་རྒྱ་དམར་གྱི་བཙན་དབང་གཉའ་ཤིང་འོག་མནན་པའི་བོད་མི་རྣམས་བཅིངས་འགྲོལ་བྱེད་པ་དང༌། བོད་མིས་འཛིན་སྐྱོང་བྱས་པའི་རང་དབང་གི་བོད་ཅིག་ཡོང་བའི་ལས་འགན་རྩ་ཆེ་དེ་སྒྲུབ་པ་ལ་འབད་བརྩོན་ཤུགས་སྐྱེད་བྱ་དགོས་པར་དྲན་བསྐུལ་བྱ་རྒྱུ་ཡིན།

    རྒྱ་དམར་གྱི་ཡིད་ཆེས་ལ། ལས་དོན་ཇི་འདྲ་ཞིག་ཡིན་ཡང་དྲག་ཤུགས་ལ་བརྟེན་ན་སྒྲུབ་པར་ངོས་འཛིན་བྱེད་པ་ཡིན་སྟབས་ཁོང་ཚོས་རྒན་གཞོན་བར་མ་ཐམས་ཅད་ལ་དྲག་པོའི་སློབ་སྦྱོང་བྱེད་འཇུག་པ་དང༌། མཚོན་ཆ་གོ་སྒྲིག་བྱེད་པ། ས་ཆ་གནད་ཡོད་ཁག་ལ་ས་ཁུང་བྲུ་བ། འཁོར་ལོའི་བགྲོད་ལམ་བཟོ་བ་སོགས་ནི་དམག་དོན་ཐོག་གཞི་རྩའི་གྲ་སྒྲིག་གི་ལས་དོན་ཁག་ཡིན། དེར་མ་ཟད། ལས་དོན་དེ་དག་ཐམས་ཅད་མའོ་ཙེ་ཏུང་གི་སློབ་སྟོན་ལྟར་ལག་ལེན་དུ་བཀལ་ན་སྒྲུབ་ཐུབ་པ་དང༌། མའོའི་སློབ་སྟོན་ནི་བསླུ་མེད་ཡང་དག་པ་ཞིག་ཡིན་པར་ངོས་འཛིན་བྱེད་པ་རེད། འོན་ཀྱང་མི་ས་ཡ་མང་པོ་གཅིག་གི་བསམ་ཚུལ་ཇི་ལྟ་བ་བཞིན་ཡོང་ཐབས་མེད་སྟབས་དེང་སྐབས་རྒྱ་ནག་ནང་མའོ་དང་ལོ་མང་ཡུན་གྲོགས་ཡིད་ཆེས་བརྟན་པོ་ཡོད་པའི་རྒྱ་དམར་གྱི་འགོ་འཁྲིད་རྒན་རབས་ཚོའི་ནང་དུའང་ལྟ་བ་མ་མཐུན་པའི་དཀའ་རྙོག་ཆེན་པོ་ཡོད་པའི་གནས་ཚུལ་གླེང་ཐོས་ཡོང་མུས་ལྟར་རྒྱ་དམར་ནང་ཁུལ་དུ་སྔར་བྱུང་མ་མྱོང་བའི་མི་མཐུན་ཕྱོགས་འགལ་ཆེན་པོ་ཞིག་བྱུང་བ་རེད།

    རྒྱ་དམར་ནསཤེས་དགོས་པ་ནི། མིའི་སེམས་ལ་དུས་ཀུན་ཏུ་ཡོད་པ་རང་དབང་དུ་སྡོད་འདོད་དང༌། རང་དབང་དུ་མནོ་བསམ་གཏོང་བ། སྤྱི་ཚོགས་ལ་གང་དགེ་གང་འོས་རང་དབང་དུ་བྱེད་པ། ཚེ་གཡོག་དང་འཁྲུལ་འཁོར་གྱི་ཆ་ལག་ལྟ་བུ་མ་ཡིན་པར་མིའི་ཐོབ་ཐང་ཆ་ཚང་བའི་འཚོ་བར་རང་དབང་དུ་སྤྱོད་འདོད་ཡོད་པ་དེ་བཙན་དབང་ཇི་འདྲ་ཞིག་གིས་ས་ཕྱོགས་གང་འདྲ་ཞིག་ཏུའང་གནོན་ནམ་ཡང་མི་ཐུབ། མི་སེར་སྤེལ་མཁན་གྱིས་རིགས་གཞན་ཞིག་དུས་རྟག་དུ་མནན་པ་ནི་བཙན་རྒྱལ་ནུས་ཤུགས་ཅན་ཇི་འདྲ་ཞིག་གིས་ཀྱང་བྱེད་ཐུབ་པ་བྱུང་མེད་པས་ན། རྒྱ་དམར་གྱིས་ང་ཚོ་བོད་ཀྱི་ས་ཆ་རྩ་ཆེ་དེར་གོ་ཐལ་ཙམ་ལས་མ་བཞག་ནའང༌། དུས་ཡུན་ལ་མ་ལྟོས་པར་གོ་ཐལ་དེ་ལས་བསྐྱར་དུ་རང་དབང་གི་རྒྱལ་ཁབ་ཅིག་ལངས་ངེས་པ་ཡིན་ནོ།།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply