༡༩༧༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    མི་རིགས་གཞན་དག་གི་དབང་སྒྱུར་འོག་སྡོད་འདོད་མེད་པའི་བོད་མི་རྣམས་ནས། བོད་རང་དབང་སྒེར་ལངས་ཀྱི་ལས་འགུལ་བརྩམས་ནས་མི་ལོ་བཅུ་དྲུག་འཁོར་བའི་རྗེས་དྲན་དུས་ཚེས་འདིར། ངེད་ནས་ཐོག་མར་གཞིས་བྱེས་བོད་མི་མཐའ་དག་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    ད་ཕན་ལོ་བཅུ་དྲུག་གི་རིང་ལ་ང་ཚོ་ཕྱི་རྒྱལ་རང་དབང་གི་ཡུལ་ཁག་ཏུ་ཡོད་པའི་བོད་མི་སྤྱི་སྒེར་གྱི་དཔལ་འབྱོར་གནས་སྟངས་ལོ་རེ་ནས་ལོ་རེ་བཞིན་བཟང་མཐོར་འགྲོ་བཞིན་པ་དང༌། ལྷག་པར་ན་གཞོན་ཚོའི་ཤེས་ཡོན་སློབ་སྦྱོང་གི་ཐད་ལ་གྲུབ་འབྲས་རླབས་པོ་ཆེ་བྱུང་བ། ཚང་མར་སྒོ་གསུམ་ཀུན་སྤྱོད་རང་དབང་གཙང་མ་ཡོད་པ་བཅས་འགྲོ་བ་མིའི་རིགས་སྤྱི་འགྲེའི་འཚོ་བར་སྤྱོད་མུས་འདི་བཞིན་ཡིན་ན་ཡང༌། ང་ཚོའི་ཕ་ཡུལ་བོད་ནང་ཡོད་པའི་རྒྱ་ཆེའི་རང་རིགས་མི་མང་རྣམས་ནི་ངང་ཚུལ་དེ་ལས་ཡོངས་སུ་ལྡོག་སྟེ། བརྗོད་ཀྱིས་མི་ལང་བའི་དཀའ་ངལ་ནང་ལྷུངས་ནས་གནས་ཡོད་པ་ཚང་མས་ཤེས་གསལ་རེད།

    རྒྱ་དམར་བཙན་འཛུལ་མཁན་ནས་ཉེས་མེད་བོད་མི་ཆེས་མང་བསྡེབས་གསོད་བྱེད་པ་དང༌། བཙོན་རར་འཇུག་པ། མི་མང་བཀྲེས་སྐོམ་ལ་ཇི་མི་སྙམ་པར་ཡུལ་གྱི་ཐོན་སྐྱེད་མཐའ་དག་མཚོན་ཆའི་རྒྱུ་རྫས་སུ་གཏོང་བ༑ རང་མནོང་སྔོན་བསུས་རི་བྲག་བྲུས་ནས་གབ་ཁུང་བཟོ་བ་སོགས་རང་གི་ཚུལ་མིན་ཉེས་སྤྱོད་རྣམས་སྦས་པའི་ཆེད་དུ་བཅོས་མའི་འཁྲབ་སྟོན་སྣ་ཚོགས་དང༌། བཟོ་ལས་ཆུང་རྩག་རེ་ཟུང་གི་དཔར་དེབ་བཀྲམས། བོད་ཀྱི་སྤྱི་ཚོགས་གསར་པའི་ནང་མི་མང་ལ་སྔོན་མེད་བདེ་སྐྱིད་ཡོད་ཚུལ་རྩོམ་ཡིག་མང་པོ་སྤེལ་ནས་འཛམ་གླིང་རྒྱ་ཆེའི་མི་མང་དངོས་ཡོད་གནས་ཚུལ་ལ་རྨོངས་སུ་འཇུག་པའི་ཐབས་བརྒྱ་བྱུས་སྟོང་བྱེད་ཀྱི་ཡོད་ན་ཡང༌། ཉི་ཤར་སྦར་མོས་བསྒྲིབས་ག་ལ་ཐུབ། སྤྱི་ཚོགས་གསར་པར་འབོད་རུང་སྒོ་གསུམ་རང་དབང་དང༌། ཟས་གོས་ལྡེང་ངེས་བཅས་མིའི་བདེ་སྐྱིད་ཀྱི་གཞི་རྟེན་དེ་དག་ནམ་ཡང་མེད་པ་ལ་བདེ་སྐྱིད་ཡོང་ཐབས་ཡོད་མེད་དཔྱོད་ལྡན་འཛམ་གླིང་མི་མང་ནས་གསལ་པོར་རྟོགས་ཐུབ་ངེས་མ་ཟད། དངོས་དོན་ཐོག་བོད་ཀྱི་སྤྱི་ཚོགས་གསར་རྙིང་བདེ་སྐྱིད་གང་ཆེ་བོད་ནང་ཡོད་པའི་བོད་མི་རྒན་པ་ཚོ་རང་རང་གི་མི་ཚེ་འདིར་མངོན་སུམ་ཉམས་མྱོང་ཐོག་ནས་གསལ་པོར་ཤེས་རྟོགས་བྱུང་ཡོད།

    རྒྱ་དམར་ནས་བོད་ནང་འགྲོ་བ་མིའི་བསམ་སྤྱོད་ལས་བརྒལ་བའི་ཀླ་ཀློའི་སྤྱོད་ཚུལ་མ་རུངས་པ་མང་དག་ལག་ལེན་དུ་བསྟར་བཞིན་པས་མ་ཚད། ཕྱི་རྒྱལ་ཡུལ་ཁག་ནང་དུ་ཡང་བོད་མིའི་བདེ་འཇགས་དཀྲུག་པའི་ཐབས་བྱུས་དངོས་བརྒྱུད་ཅི་རིགས་ནས་བརྩམས་དང་རྩོམ་བཞིན་པ་ཡིན་ཡང༌། ཅི་འདྲ་བ་ཡི་ལས་བྱས་པར། འབྲས་བུ་དེ་འདྲ་ཉིད་དུ་སྨིན་པ་ནི། ཆོས་ཉིད་ཀྱིས་གཏན་ལ་ཕབ་པའི་ཁྲིམས་སུས་ཀྱང་དེ་ལས་འདའ་བར་ནུས་པ་མ་ཡིན་པས་རྣམ་པར་སྨིན་པ་རང་ཐོག་ཏུ་མྱོང་བར་གདོན་མི་ཟ། གང་དུ་བཙན་དབང་ཡོད་ན་དེ་རུ་ངོ་རྒོལ་འབྱུང་བ་ཆོས་ཉིད་ཡིན་པས་གོང་གི་བྱ་སྤྱོད་དེ་དག་བོད་རང་བཙན་སྒྲུབ་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང༌། སྐུལ་མར་འགྱུར་ངེས་ཡིན།

    བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།

    བོད་ཀྱི་གནད་དོན་འདི་དག་སྤྱིར་རྒྱལ་སྤྱིའི་སྲིད་དོན་གྱི་གནས་ཚུལ་དང༌། ལྷག་པར་གླིང་ཆེན་ཨེ་ཤ་ཡའི་ཞི་བདེའི་གནད་དོན་དང་འབྲེལ་བ་གཏིང་ཟབ་ཡོད་པས་རྒྱལ་སྤྱིའི་སྲིད་དོན་འགྱུར་འགྲོས་མཐུན་པའི་རླུང་ཤུགས་དང་འགྲོགས་ནས་ང་ཚོའི་འཐབ་རྩོད་ཀྱི་གྲུ་གཟིངས་ཁ་ལོ་བསྒྱུར་ཏེ་བོད་རང་དབང་བདེ་ལྡན་གླིང་དུ་ལེགས་བགྲོད་ཐུབ་པའི་ཐབས་ཚུལ་ལ་བོད་མི་ཚོས་ཁ་ཚིག་ཙམ་མིན་པར་བསམ་སྦྱོར་བྱ་སྤྱོད་ལག་ལེན་ངོ་མའི་ཐོག་ནས་ཤུགས་སྐྱེད་ཆིག་སྒྲིལ་བྱེད་དགོས།།   །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply