༡༩༩༠ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།

    བོད་དུ་རྒྱ་མིའི་བཙན་འཛུལ་དབང་སྒྱུར་ལ་བོད་མིས་ངོ་རྒོལ་གདོང་ལེན་བྱས་ཏེ་ད་ཕན་ལོ་ངོ་སོ་གཅིག་སོང༌། ང་ཚོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་དུས་ཚོད་འདི་བརྩི་སྲུང་བྱེད་པའི་སྐབས་འདིར། ངས་བོད་མི་ཚང་མར་འཚམས་འདྲི་དང༌། བོད་རང་དབང་གི་ཆེད་དུ་གཅེས་པའི་སྲོག་ཀྱང་བཏང་བའི་བོད་མི་དཔའ་བོ་ཕོ་མོ་དེ་དག་ལ་རྗེས་དྲན་བྱེད་ཀྱི་ཡོད། ང་ཚོའི་མི་དམངས་ཀྱིས་གདུག་རྩུབ་ཆེ་བའི་དྲག་པོའི་ཁྲིམས་གཞིའི་བཀོད་འདོམས་འོག་ཏུ་ཡང་ཞུམ་པ་མེད་པའི་སེམས་ཐག་གཙང་བཅད་ཀྱིས་རང་དབང་དོན་དུ་འཐབ་རྩོད་བྱས་པར་རྗེས་སུ་ཡི་རངས་ཡོད།

    ང་ཚོས་མ་འོངས་པའི་སྐོར་བསམ་གཞིགས་སྐབས་སྔ་ལོ་བྱུང་བའི་ལོ་རྒྱུས་གནས་ཚུལ་དེ་དག་དྲན་ངེས་ཡིན། ན་ནིང་ཕྱི་ཟླ་དྲུག་པར་རྒྱ་ནག་ནང་དམངས་གཙོའི་དོན་དུ་མི་དམངས་ཀྱི་ལས་འགུལ་བརྩམས་པ་དེ་འཛེམས་ཟོན་མེད་པའི་དྲག་ཤུགས་ཀྱིས་མནན་པ་རེད། འོན་ཀྱང་ཁོང་ཚོའི་ལས་འགུལ་དེ་ཆུད་ཟོས་ཕྱིན་མེད་པ་མ་ཟད། རྒྱ་ནག་མང་ཚོགས་ནང་རང་དབང་རྩོད་ལེན་གྱི་སྙིང་སྟོབས་མེ་ལྕེ་སླར་ཡང་གསོས་པ་དང༌། འཛམ་གླིང་ས་གནས་མང་པོར་རང་དབང་གི་སྙིང་སྟོབས་འཕེལ་བཞིན་པའི་ཤུགས་རྐྱེན་དེ་དག་ལས་རྒྱ་ནག་གཡོལ་ཐབས་མེད་པར་གྱུར་ཡོད།

    ཡོ་རོབ་ཤར་ཕྱོགས་ནང་གཞན་དང་མི་འདྲ་བའི་འགྱུར་བ་འགྲོ་བཞིན་པ་འདིས་འཛམ་གླིང་ཡོངས་ཀྱི་སྤྱི་ཚོགས་དང༌། ཆབ་སྲིད་ཀྱི་འགྱུར་བའི་མགྱོགས་ཚད་ཀྱི་དཔེ་མཚོན་ཞིག་བསྟན་ཡོད། དེ་བཞིན་དུ་ལྷོ་ཨ་ཕི་རི་ཀའི་འོག་ནས་ན་མི་སྦི་ཡ་རང་བཙན་ཐོབ་པ་དང༌། མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལམ་སྲོལ་མེད་པ་བཟོ་རྒྱུར་ལྷོ་ཨ་ཕི་རི་ཀའི་གཞུང་གིས་གོམ་བགྲོད་དང་པོ་སྤོས་ཡོད། བློ་སྤོབས་སྐྱེ་འོས་ཤིག་ལ་འགྱུར་བ་དེ་དག་ནི་དངོས་འབྲེལ་མི་དམངས་ལས་འགུལ་གྱི་གྲུབ་འབྲས་ཤིག་ཡིན་ལ། དེའི་རྩ་བ་ནི་འགོག་ཏུ་མེད་པའི་འགྲོ་བ་མིའི་དྲང་བདེན་དང་རང་དབང་གི་འདོད་པ་ལས་བྱུང་བ་ཞིག་ཡིན། བཟང་ཕྱོགས་ཀྱི་འགྱུར་བ་དེ་དག་གིས་གང་བསྟན་ཡོད་ཅེ་ན། རྒྱུ་མཚན་དང༌། བློ་སྤོབས། སེམས་ཤུགས། འགོག་ཏུ་མེད་པའི་རང་དབང་གི་འདོད་པ་རྣམས་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་དེ་བསྟན་ཡོད། དེར་བརྟེན་ངས་རྒྱ་ནག་གི་འགོ་ཁྲིད་ཚོར་དེ་འདྲའི་འགྱུར་བ་དེ་དག་ལ་འགོག་རྐྱེན་མ་བྱས་པར་བོད་རྒྱའི་མི་དམངས་ཀྱི་དཀའ་རྙོག་རྣམས་ཁོག་ཡངས་བློ་རྒྱ་ཆེ་བསྐྱེད་དང༌། ཐབས་ལམ་གསར་པའི་བསམ་གཞིགས་བྱེད་དགོས་པའི་འབོད་བསྐུལ་བྱེད་རྒྱུ་ཡིན།

    འགྲོ་བ་མིའི་རིགས་ཇི་འདྲ་ཞིག་ཡིན་རུང་རང་དབང་དང་ཆེ་མཐོང་ལྡན་པར་གནས་རྒྱུའི་སེམས་འདུན་དེ་དག་དྲག་ཤུགས་ཀྱིས་ནམ་ཡང་མནན་མི་ཐུབ། རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱ་ནག་རང་གི་དཀའ་ངལ་དང༌། བོད་ཀྱི་གནད་དོན་སྐོར་ལྟ་སྟངས་གསར་པ་དང༌། བསམ་བློ་གསར་པ་གཏོང་དགོས་ཤིང༌། ཕྱིས་མ་དྲགས་གོང་ནས་རྒྱུ་མཚན་ལྡན་པ་དང༌། འཚེ་མེད། འོས་འཚམས་ཀྱི་ལམ་ཕྱོགས་སྐོར་བོད་མི་དང༌། རྒྱ་ནག་རང་གི་སློབ་ཕྲུག་ཚོའི་འབོད་ཚིག་དེ་དག་ངེས་པར་དུ་དང་ལེན་བྱེད་དགོས། རྒྱ་མིས་ཁྱབ་བསྒྲགས་ཇི་འདྲ་ཞིག་བྱས་རུང༌། དོན་སྙིང་རྒྱ་ནག་ནང་རྒྱ་མི་མ་ཡིན་པའི་མི་རིགས་ས་ཡ་མང་པོ་དེ་དག་ལ་མི་རིགས་དབྱེ་འབྱེད་ཀྱི་བྱ་ཐབས་སྣ་ཚོགས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱངས་དང་མྱོང་བཞིན་ཡོད། དམར་པོས་དབང་བསྒྱུར་བྱས་ཏེ་ལོ་བཞི་བཅུ་ཙམ་སོང་བའི་རྗེས་སུ་ཡང་ས་ཁུལ་དེ་རྣམས་རྗེས་ལུས་དང༌། དཔལ་འབྱོར་དབུལ་ཕོངས་ཡིན་པ་རྒྱ་མི་ཁོ་རང་ཚོས་ངོས་ལེན་བྱེད་ཀྱི་ཡོད། དེས་མ་ཚད་ས་ཁུལ་དེ་ཚོའི་མི་རིགས་ཚོར་སེམས་འཚབ་བྱེད་དགོས་པའི་རྒྱ་མིའི་སྲིད་བྱུས་ནི། ས་ཁུལ་དེ་དག་ཏུ་བཙན་ཤེད་ཀྱི་སྒོ་ནས་མི་འབོར་བསྒྱུར་བཅོས་གཏོང་བ་དེ་ཡིན། ས་ཁུལ་དེ་དག་ཕལ་ཆེ་བའི་ནང་རྒྱ་མི་གྲངས་འབོར་མང་བ་ཆགས་ཡོད། མན་ཇུ་རི་ཡ་ད་ཆ་རྒྱ་ནག་ནང་ཐིམ་ཟིན། ནང་སོག་ཏུ་སོག་པོའི་མི་རིགས་ས་ཡ་གཉིས་དང་འབུམ་དྲུག་ཙམ་ལས་མེད་ཅིང༌། རྒྱ་རིགས་ས་ཡ་བཅོ་བརྒྱད་ཙམ་ཡོད། ཤར་ཏུར་ཀི་སི་ཐན་གྱི་མི་འབོར་ཕྱེད་ལྷག་རྒྱ་མི་རིགས་ཡིན་པ་དང༌། བོད་མི་ས་ཡ་དྲུག་གི་མི་འབོར་ནང་རྒྱ་རིགས་ས་ཡ་བདུན་དང་ཕྱེད་ཙམ་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས། རྒྱ་མི་མ་ཡིན་པའི་མི་རིགས་གཞན་དག་རྣམས་རང་བཞིན་གྱིས་ལྷིང་འཇགས་མ་ཐུབ་པར་གྱུར་ཡོད། ཁོང་ཚོའི་སེམས་ཀྱི་རྨ་ཁ་གསོ་མ་ཐུབ་ན་མ་འོངས་པར་དཀའ་རྙོག་ཆེན་པོ་ལྷགས་ངེས་ཡིན།

      ངའི་བསམ་པར་རྒྱ་ནག་གིས་རུ་སུ་དང༌། ལྷག་པར་དུ་སྲིད་འཛིན་གྷོར་པ་ཅོབ་ནས་དཀའ་ངལ་དེ་འདྲའི་རིགས་སེལ་ཐབས་ལ་གྲོས་མོལ་དང༌། གུ་བཤངས་བྱེད་ལུགས་ནས་བསླབ་བྱ་ངེས་པར་དུ་ལེན་དགོས། རྒྱ་ནག་གཞུང་ནས་རྒྱ་རིགས་མིན་པའི་མི་རིགས་གཞན་དག་གི་ས་ཁུལ་དུ་ཡོད་པའི་དཀའ་རྙོག་རྣམས་དཔལ་འབྱོར་གྱི་དཀའ་ངལ་གཅིག་པུ་མ་ཡིན་པར། གཞི་རྩ་ཆབ་སྲིད་ཀྱི་དཀའ་རྙོག་ཡིན་སྟབས་དེ་ཆབ་སྲིད་བསྒྱུར་བཅོས་ཁོ་ནའི་ལམ་ནས་སེལ་ཐབས་བྱེད་རྒྱུ་གསལ་པོར་ཤེས་དགོས། བོད་ཀྱི་གནད་དོན་གྱི་དཀའ་རྙོག་ཞི་བ་དང༌། རྒྱུ་མཚན་ལྡན་པའི་སྒོ་ནས་སེལ་སླད་ངས་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང༌། སིཏྲས་སི་སྦག་གི་གཏམ་བཤད་གཉིས་བཏོན་པ་ཡིན།

    བོད་དུ་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་པའི་རྗེས་ སུ་ཡང་གྲོས་མོལ་དངོས་གཞི་གང་མགྱོགས་འགོ་འཛུགས་ཐུབ་ཐབས་དང༌། ཕན་ཚུན་མཁྲེགས་འཛིན་ཞི་ལྷོད་དུ་གཏོང་ཆེད་ཐོག་མར་ཧོང་ཀོང་དུ་ཚོགས་འདུ་ཚོགས་ཕྱོགས་དང༌། གནས་ཚུལ་གཞན་དག་གོ་བསྡུར་བྱེད་པའི་དོན་དུ་སྔོན་འགྲོའི་ཚོགས་འདུ་ཞིག་འཚོག་རྒྱུར་ང་ཚོས་གྲོས་འཆར་བཏོན་ཡོད། ཐབས་སྡུག་པ་ཞིག་ལ་ང་ཚོས་བསམ་པ་རྣམ་དག་གིས་འབད་བརྩོན་བྱས་པ་དེར་རྒྱ་མིའི་འགོ་ཁྲིད་ཚོས་ད་བར་འགྲིགས་གཙོའི་ལན་གསལ་གང་ཡང་མ་བྱུང༌། ངོས་ནས་དེ་སྔའི་བོད་ཀྱི་གནས་སྟངས་བརྗོད་པ་ལ་ཉེ་ཆར་རྒྱ་མིས་སྐྱོན་བརྗོད་དང༌། དགག་ཆ་ཤུགས་ཆེ་བྱེད་ཀྱི་འདུག ཁོང་ཚོའི་འདོད་པ་ལྟར་ན་ངའི་བརྗོད་བབ་བསྒྱུར་བཅོས་གཏོང་དགོས་ཀྱི་ཡོད་ན་ཡང༌། དངོས་ཡོད་གནས་ཚུལ་དང༌། བདེན་པར་བསྒྱུར་བཅོས་གཏོང་ཐབས་ག་ལ་ཡོད། རྒྱ་མིའི་མནོ་བསམ་གུ་དོག་ཆེ་བའི་དབང་གིས་ངས་དོན་ཚན་ལྔ་དང༌། སིཏྲས་སི་སྦག་གི་གྲོས་འཆར། ནོ་བེལ་བྱ་དགའ་སྤྲོད་ལེན་སྐབས་ཀྱི་གཏམ་བརྗོད་བཅས་ཀྱི་སྙིང་པོར་མ་འོངས་པའི་བོད་དང༌། རྒྱ་ནག་གི་འབྲེལ་བའི་སྐོར་བརྗོད་ཡོད་པ་དེ་རྒྱ་མིས་གོ་རྟོགས་ཇི་བཞིན་ཐུབ་མི་འདུག དེ་ཚོའི་སྐོར་ངོས་ནས་བསམ་བློ་གུ་ཡངས་པོའི་སྒོ་ནས་གྲོས་མོལ་བྱ་འདོད་ཡོད། བོད་མི་མང་ཆེ་བ་བོད་ནང་ཡོད་པས་ཁོང་ཚོའི་རེ་འདོད་ངོ་མ་ཇི་ཡོད་ངོས་འཛིན་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང༌། ཁོང་ཚོ་ཕལ་ཆེ་བར་བོད་རང་བཙན་གཙང་མའི་རེ་འདོད་ཤུགས་ཆེ་ཡོད། གལ་ཏེ་འདི་སྐོར་རྒྱ་མིར་བློ་དོགས་ཡོད་ན་རྒྱལ་སྤྱིའི་ལྟ་རྟོག་འོག་བོད་མིའི་རེ་འདོད་ཇི་ཡོད་འོས་ཤོག་བསྡུ་ལེན་བྱེད་དུ་འཇུག་དགོས། བོད་རྒྱའི་དབར་འབྲེལ་བ་ཇི་འདྲ་ཞིག་ཡིན་རུང༌། འདྲ་མཉམ་དང༌། དྲང་བདེན། ཕན་ཚུན་གཉིས་ཕན་གྱི་རྩ་དོན་ལ་ངེས་པར་གཞི་རྩ་འཛིན་དགོས་ཤིང༌། སྔར་ཕྱི་ལོ་ ༨༢༣ གྱི་དུས་སྐབས་སུ་བོད་རྒྱའི་དབུ་ཁྲིད་བློ་གྲོས་ཅན་ཚོས་བཞག་པའི་བོད་རྒྱའི་ཆིངས་ཡིག་ལྷ་སའི་རྡོ་རིང་ལ་བརྐོས་ཡོད་པའི་རྩ་དོན་དེ་དག་ལ་ཡང་ངེས་པར་རྩ་འཛིན་བྱེད་དགོས། དེའི་ནང་གི་རྩ་དོན་གཅིག་ལ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། ཅེས་འཁོད་ཡོད།

    ངས་བློ་ཕམ་ངང་བརྗོད་རྒྱུར། བོད་མིའི་གནད་དོན་དེ་དག་ལ་རྒྱ་མིའི་འགོ་ཁྲིད་ཚོས་ལྟ་ཚུལ་གསར་པ་ཞིག་འཛིན་རྒྱུ་ལྟ་ཅི། བོད་མིའི་ཁྲོམ་སྐོར་དེ་དག་འཇིགས་སུ་རུང་བའི་དམག་དཔུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་ཡོད། ན་ནིང་བོད་མིས་ངོ་རྒོལ་རྔམ་སྟོན་བྱས་པ་ལ་ལྷ་སར་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས། དེ་ནས་ཟླ་ཤས་རྗེས་པེ་ཅིང་དུ་དྲག་པོའི་ཁྲིམས་གཞི་བཀོད་འདོམས་བྱས་པ་དེ་ཉེ་ཆར་ཕྱིར་འཐེན་བྱས་འདུག ལྷ་སར་དྲག་པོའི་བཀོད་སྒྲིག་ཕྱིར་འཐེན་བྱ་རྒྱུ་ཕར་བཞག་བོད་མིར་བཙན་དབང་ཆིངས་ཞགས་མུ་མཐུད་དམ་པོར་སྡོམ་བཞིན་ཡོད།

    ཉེ་ཆར་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ད་དུང་དྲག་གནོན་གྱི་ལས་འགུལ་གསར་པ་ལག་བསྟར་བྱེད་བཞིན་ཡོད་པ་ནི། དེང་སང་ལྷ་སར་ཁྱིམ་ཚང་ཁང་སྒོ་རེ་རེ་བཞིན་འགྲིམས་ནས་རང་བཙན་རྩོད་ལེན་གྱི་རྔམ་སྟོན་བྱེད་མཁན་དང༌། དེར་རྒྱབ་གཉེར་བྱེད་མཁན་རྣམས་རྩད་ཞིབ་བྱེད་བཞིན་འདུག རྒྱ་ནག་གི་འགོ་ཁྲིད་ཚོས་གདུག་རྩུབ་དེ་ལྟ་བུ་བྱས་ཀྱང་གཞིས་ལུས་བོད་མི་རྣམས་སེམས་ཐག་གཙང་ཆོད་དང༌། ཞུམ་པ་མེད་པར་གནས་ཡོད། རང་དབང་དང་ཐོབ་ཐང་ལ་རྩོད་ལེན་བྱེད་པའི་ལས་འགན་དང༌། ཐོབ་ཐང་བོད་མི་ཚང་མར་ཡོད། འོན་ཀྱང་ང་ཚོའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་གཞི་རྩར་འཛིན་དགོས།

    བོད་མི་ཚོར་གལ་ཆེ་བའི་གནས་ཚུལ་གཅིག་ནི་ནོ་བེལ་ཞི་བདེའི་གཟེངས་བསྟོད་ཀྱི་བྱ་དགའ་བྱུང་བ་དེ་ཡིན། དེས་ང་གྲྭ་པ་ཉམ་ཆུང་ཞིག་གི་གནས་སྟངས་ལ་ཕན་གནོད་གང་ཡང་མེད་ཀྱང༌། བོད་མི་ཚོའི་དོན་དུ་ངོས་རང་ལ་དགའ་ཚོར་བྱུང༌། གང་ཡིན་ཟེར་ན། བྱ་དགའ་དེས་བོད་མིའི་རང་དབང་དང༌། དྲང་བདེན་གྱི་འཐབ་རྩོད་བྱེད་ལུགས་ལ་བསྔགས་འོས་ཀྱི་ངོས་འཛིན་བྱས་པ་ཞིག་རེད། ངོས་འཛིན་དེས་དྲང་བདེན་དང༌། སྙིང་སྟོབས། སེམས་ཤུགས་བཅས་ལ་བརྟེན་ནས་རང་གི་ལུང་པ་བཅིངས་བཀྲོལ་གཏོང་རྒྱུ་ལམ་ལྷོངས་ཡོང་བའི་ཡིད་ཆེས་ཡང་སྐྱར་ཇེ་བརྟན་དུ་ཕྱིན་ཡོད། ང་ཚོའི་འཐབ་རྩོད་འདི་བཞིན་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང༌། རང་དབང༌། མ་འོངས་པའི་བདེ་སྐྱིད་ཆེད་ཡིན་སྟབས་ང་ཚོས་དམངས་གཙོའི་སྒྲིག་འཛུགས་ཁག་དང༌། དམངས་གཙོའི་ལམ་ལུགས་ཁག་ངེས་པར་སྲ་བརྟན་ཆེ་རུ་གཏོང་དགོས།

    ངས་ཐེངས་མང་བརྗོད་ཟིན་པ་ལྟར། དེང་དུས་ཀྱི་བོད་གསར་པའི་འཛུགས་སྐྲུན་དང༌། མི་དམངས་ཡར་རྒྱས་སླད་རང་དབང་དང༌། དམངས་གཙོར་བརྩི་མཐོང་བྱེད་རྒྱུ་གཙོ་གལ་ཆེན་པོ་ཡིན། ༡༩༦༣ ལོར་ངས་བོད་ཀྱི་དམངས་གཙོའི་རྩ་ཁྲིམས་ཤིག་གསར་གཏོད་བྱས་པ་དེས་ང་ཚོར་དམངས་གཙོའི་འགྲོ་ལུགས་སྐོར་རྩ་ཆེའི་ཉམས་མྱོང་བྱུང་ཡོད། ད་དུང་དམངས་གཙོའི་རྣམ་པ་ཤུགས་ཆེ་རུ་གཏོང་དགོས་ཤིང༌། དེ་ཡང་བོད་མི་དམངས་ཀྱི་སྤྱི་འཐུས་དང༌། བོད་ཀྱི་སྲིད་གཞུང་རང་ལ་འགྱུར་བ་གཏོང་དགོས། ང་ཚོའི་སྒྲིག་འཛུགས་ཁག་དམངས་གཙོ་ཇེ་ཆེ་དང༌། ནུས་པ་ཇེ་ཆེར་གཏོང་ཆེད་མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་བཞིན་ཡོད། ད་ལྟ་བཙན་བྱོལ་གྱི་གནས་སྐབས་དང༌། མ་འོངས་པར་བོད་ནང་དུ་རང་དབང་དང་དམངས་གཙོ་ཡང་དག་པ་ཞིག་ཡོང་བ་བྱེད་རྒྱུ་ནི་བོད་མི་ཚང་མར་འཁྲི་བའི་ལས་འགན་ཞིག་ཡིན། མ་འོངས་པར་རང་དབང་དང༌། དམངས་གཙོ་ལྡན་པའི་བོད་གངས་ཅན་འཛིན་སྐྱོང་གི་ཁུར་འགན་གཙོ་བོ་རྒྱ་མིའི་བཙན་འོག་བོད་ནང་ཡོད་པའི་ལས་བྱེད་ཚོ་དང༌། ན་གཞོན་ཤེས་ལྡན་ཚོའི་ཕྲག་པར་ལེན་དགོས། ང་ཚོའི་རང་དབང་དང༌། དྲང་བདེན་གྱི་འཐབ་རྩོད་ལ་སེམས་ཁུར་ཕན་གྲོགས་དང༌། ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།   །།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply