རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡོད་ཟེར།

རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་བསྐྱར་དུ་འོས་འདེམས་ཡོང་བར་རེ་བ་རྒྱག་གིན་ཡོད་འདུག

ཚེས་ ༧  ཉིན་རྒྱ་ནག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ལ་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁོངས་སུ་བསྐྱར་དུ་འོས་འདེམས་ཡོང་བར་རེ་བ་རྒྱག་གིན་ཡོད་ཅེས་བརྗོད་འདུག་ལ། རྒྱ་ནག་དབུས་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཞུའི་ཡིག་ཆ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་ཕུལ་ཡོད་པ་དང་། ཡིག་ཆ་དེའི་ནང་དུ་པེ་ཅིན་གཞུང་གིས་རྒྱ་ནག་ནང་ཁུལ་གྱི་གསར་འགོད་རང་དབང་དང་རྒྱལ་ནང་གི་མི་རིགས་སོ་སོའི་རང་དབང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟར་བརྩི་བཀུར་དང་སྲུང་སྐྱོབ་བྱེད་བཞིན་ཡོད་པས། སླར་ཡང་ལོ་ངོ་གསུམ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་འོས་འདེམས་ཡོང་བར་རེ་བ་རྒྱག་གིན་ཡོད་པ་འཁོད་ཡོད་འདུག

འདིའི་ཐད་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་གི་ཐད་དཀའ་ངལ་ཆེན་པོ་ཡོད་པའི་སྲིད་གཞུང་ཞིག་ཡིན་པ་དང་།  དམིགས་བསལ་གྱིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་ཞིག་ཡིན་པ་དེ་སྔར་ལོ་བོད་ཆོལ་ཁ་གསུམ་གྱི་མི་མང་གིས་དུས་ཚོད་གཅིག་གི་ནང་ཞི་བའི་ངོ་རྒོལ་གནང་བ་དེ་ཡིས་མཚོན་ཐུབ། ད་དུང་ཡང་བོད་མི་གང་མང་ཞིག་བཙོན་དུ་ཚུད་ཡོད་པ་དང་། བོད་མི་མང་པོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འབྱུང་བཞིན་པ། དེ་བཞིན་བོད་མི་ཚོར་སྲོག་ཁྲིམས་གཅོད་བཞིན་པ་སོགས་ཀྱི་གནས་ཚུལ་མུ་མཐུད་བྱུང་དང་འབྱུང་མུས་ཡིན། འཛམ་གླིང་གཅིག་གྱུར་ཅན་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཅན་དུ་འགྱུར་བཞིན་པའི་དེ་རིང་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཀྱང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མིར་འོས་འདེམས་བྱུང་ན། དོན་དངོས་སུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་ཡུལ་དང་ལྷན་ཚོགས་འདི་འཛུགས་དགོས་པའི་དགེ་བ་གང་ཡིན་ནམ། ཞེས་གསར་ལམ་ཁག་ཏུ་སྤེལ་ཡོད་འདུག

སྤྱི་ལོ་ ༢༠༠༦ ལོར་རྒྱ་ནག་ཀྱང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ ༤༧ ཁྲོད་འོས་འདེམས་བྱུང་ཡོད་འདུག ཨིས་རེལ་དང་པཱ་ལི་སི་ཐན་གཉིས་ཀྱི་འགལ་བ་དེའི་ཆེད་དུ་སུད་སི་གྲོང་ཁྱེར་ཇེ་ནཱ་ཝ་རུ་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཚོགས་མི་རྣམས་སྐོང་ཚོགས་བྱས་སྐབས། ཨ་རིར་དེའི་ཁྲོད་དུ་མ་ཞུགས་པ་སོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁྲོད་དུ་རྩོད་གླེང་བྱུང་ཡོད་ལ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གིས་ནུས་པར་ཕམ་ཉེས་ཤོར་ཡོད་པར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ངོས་འཛིན་ཡང་བྱས་ཡོད། སྤྱི་ལོ་ ༢༠༠༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན ཚོགས་ཀྱི་ཚོགས་མི་འོས་འདེམས་སྐབས། སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་ཡིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་དང་། ཡང་ན་རྒྱལ་ཁབ་གང་དེའི་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཡོད་པའི་སྲིད་གཞུང་གི་རིགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱ་མི་རུང་བའི་བསམ་ཚུལ་བཏོན་ཡོད་འདུག 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱ་ནག་ཏུ་འགྲོ་བ་མིའི་ཐོབ་ཐང་ཡོད་ཟེར།

  1. རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་ཡོད་པ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐད་ལ་ཅི་ཡང་བྱེད་ཐུབ་ཀྱི་མེད་པ་དེ་ལྟར། ད་རེབ་རྒྱ་ནག་གིས་ཡང་བསྐྱར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁོངས་སུ་འོས་འདེམས་ཡོང་བར་རེ་བ་རྒྱག་གིན་ཡོད་པ་དེས་ཀྱང་གདོན་འཕྲུལ་ཞིག་སྟོན་ཡོང་གི་ཡོད། གལ་སྲིད་རྒྱ་ནག་ལྷན་ཚོགས་དེའི་ཁོངས་སུ་བདམས་ཐོན་འདྲ་བྱུང་བ་ཡིན་ན། ད་ནི་བོད་དོན་ཐད་ལ་རེ་བ་དང་ཞུ་གཏུགས་བྱེད་སའི་ཚོགས་པ་རྩ་ཆེན་ཞིག་མེད་པར་གྱུར་པ་ཡིན།

  2. ཨ་མའི་གཅེས་ཕྲུག

    རྒྱ་ནག་དུ་འགྲོ་བ་མིའི་ཐོབ་ཐང་ཡོད་ཟེར་ན། ང་བགད་མོ་རྐུབ་ནས་ཤོར་གི མ་གཞི་སྔོན་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོང་ཐང་ལྷན་ཚོགས་ཀྱི་ཁོངས་སུ་རྒྱ་ནག་ཡོད་པ་མགོ་རུལ་སྣས་མ་ཚོལ། མ་འོང་བར་མིང་དོན་མཚུངས་པའི་ལྷན་ཚོགས་ཞིག་བསམ་ན་རྒྱ་ནག་ཚོགས་མིར་མ་འདེམས།

  3. སོག་ལྷ་རྒྱལ།

    རྒྱ་ནག་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་དེ
    2008 ནས་གཟུང་ས་གོ་ལ་འདིས་ཐོག་ལ་ མིག་ཡོད་ན་མཐོང་དགོས་ཡག་དང རྣ་ཡོད་ན་གོ་དགོས་ཡག་ཆག་སོང གལ་སྲིད་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་
    ཚོགས་ཀྱི་ཁོངས་སུ་བསྐྱར་དུ་འོས་འདེམས་བྱུང་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་
    འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཛུགས་དགོས་པའི་དགོས་པ་མེད་པ་ཆགས་བ་རེད་