བཙུན་དགོན་འཇམ་དབྱངས་ཆོས་གླིང་ལེགས་འགྲུབ།

སློབ་གཉེར་གང་འཚམ་གྲུབ་རྗེས་ཕྱིར་སོ་སོའི་ཡུལ་དུ་ཕྱིན་ཏེ། སྔར་ཡོད་པའི་བཙུན་དགོན་རྣམས་སྤུས་དག་དང༌། ཡར་རྒྱས་སུ་གཏོང་རྒྱུར་ཁུར་ལེན་ཐུབ་ན་ཡག་པོ་རེད། དེང་སྐབས་གདན་ས་ཁག་ནས་ཐོན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་མང་པོ་ཞིག་གིས་སོ་སོའི་ལུང་པར་བསྟན་པའི་ཞབས་འདེགས་སྒྲུབ་ཀྱིན་ཡོད། དེ་ལྟར་བཙུན་མ་ཚོས་ཀྱང། མ་འོངས་པར་སོ་སོ་ཡོང་སའི་བཙུན་དགོན་སྤུས་དག་ཏུ་གཏོང་རྒྱུ་གལ་ཆེན་པོ་རེད།

 

དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ སྟེང༌། སྤྱི་ནོར་༧གོང་ས་མཆོག་ནོར་བུ་གླིང་ཁའི་ཉེ་འཁྲིས་ཀྱི་ཐོས་བསམ་གླིང་དགོན་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་ལེགས་འགྲུབ་སྒོ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད་ལ། དེའི་རྗེས་དེ་གའི་ཉེ་འགྲམ་སྙིང་སྟོབས་གླིང་ལོ་བཅུ་འཁོར་བའི་དུས་དྲན་དང་བསྟུན་ཏེ། ལག་ཤེས་སྡེ་ཚན་ཁག་ཏུ་གཟིགས་སྐོར་གནང་ཡོད་པ་དང། དབང་བོ་སྐྱོན་ཅན་དང་དགེ་ལས་ཡོངས་ལྷན་བཞུགས་དབུས་སུ། དབང་བོ་སྐྱོན་ཅན་ལ་རོགས་རམ་དང་ལྟ་སྐྱོང་གི་ལས་དོན་འདི་འཛམ་གླིང་གི་ཆེས་རླབས་ཆེ་ཞིང། དགེ་རྩ་ཕུན་སུམ་ཚོགས་པ་ཡིན་པའི་སྐོར་གྱི་བཀའ་སློབ་གནང་ཡོད། དེའི་རྗེས་ཀྱི་ཆུ་ཚོད་ ༡༠ ཙམ་ལ་བཙུན་དགོན་འཇམ་དབྱངས་ཆོས་གླིང་རིགས་ལམ་སློབ་གཉེར་ཁང་གི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་བ་གསར་བཞེངས་ལེགས་འགྲུབ་ཀྱི་སྒོ་འབྱེད་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཡོད། མཛད་སྒོ་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང། བདེ་སྲུང་བཀའ་བློན་དང་ཆོས་དོན་བཀའ་བློན། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང༌། ས་གནས་རྒྱ་གར་ཡུལ་མིའི་མགོ་ཁྲིད། ཕྱི་རྒྱལ་གྱི་རོགས་ཚོགས་ཁག་བཅས་ཕེབས་འདུག

 

སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་དོན། མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱི་རྗེས་འབྲངས་ངོ་མ་དེ་ང་ཚོ་བོད་པ་དང་སོག་པོ་རེད། འོན་ཀྱང་བར་སྐབས་སོག་པོར་ཉམས་ཆག་ཤུགས་ཆེན་ཕྱིན་ཡོད། བོད་པ་ད་ལྟ་ཉམས་ཆག་ཏུ་འགྲོ་བཞིན་པའི་སྐབས་རེད། དཔལ་ན་ལན་ཌའི་མཁས་པའི་གཙུག་རྒྱན་གྱི་གྲས་མཁན་ཆེན་ཞི་འཚོ་ཡབ་སྲས་ཀྱིས་ཕྱག་སྲོལ་བཏབས་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་རང་གི་ལུང་པའི་ནང་ཉམས་ཆག་ལ་ཞེ་དྲག་འགྲོ་ཡོད། གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་ཏུ་རང་དབང་དང་ལྡན་ཡོད་ལ། བོད་པ་དང་ཆོས་ཚུལ་གཅིག་པ་ཆགས་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཡོངས་རྫོགས་ལ་སངས་རྒྱས་ཆོས་བོད་ནས་ཚུར་དར་བ་རེད། སྔོན་མ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམ་དཔྱོད་ཅན་ཚོ་ཕར་བོད་དུ་ཕྱིན་ཏེ། དབུས་དང་ཁམས་ཁུལ་ནས་བསླབ་པ་སློབ་གཉེར་བྱས་ཏེ་རྒྱ་གར་དུ་ཡོང་གིན་ཡོད། ང་དགུའི་རྗེས་སུ་བོད་དུ་སློབ་གཉེར་བྱེད་ས་མེད་པ་ཆགས་ཤིང། རྒྱ་གར་ནང་གི་བོད་པ་བཙན་བྱོལ་བའི་ཁྲོད་ས་དགེ་བཀའ་རྙིང་བོན་དང་བཅས་པ་ཆ་ཚང་པ་ཞིག་བྱུང་ཡོད་སྟབས། ཧི་མ་ལ་ཡའི་རི་རྒྱུད་ཙམ་དུ་མ་ཟད། སོག་པོ་ཕྱི་ནང་དང་ཨི་རི་སིའི་ཁོངས་གི་སོག་རིགས་བརྒྱ་ཕྲག་ཁ་ཤས་དང༌། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྟོང་ཕྲག་ཁ་ཤས་བཅས་ཀྱིས་སློབ་གཉེར་བྱས་དང་བྱེད་བཞིན་ཡོད།

 

ང་ཚོ་བཙན་བྱོལ་བ་ཆགས་ཏེ་བསྟན་པའི་བྱ་བ་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་རྣམ་གྲངས་གཅིག་དེ་གང་རེད་ཟེར་ན། བཙུན་མའི་དགོན་པ་དག་ཏུ་གཞུང་ཆེན་བལྟ་དགོས་ཀྱིན་འདུ་ཟེར་ནས་ཐོག་མར་ངྷ་རམ་ས་ལའི་དགའ་ལྡན་ཆོས་གླིང་དུ་མཚན་ཉིད་བཙུགས་པ་དང། དེ་སྔ་བོད་ཀྱི་དགོན་པ་མཚན་ཉིད་མ་དར་པའི་རིགས་ལ་མཚན་ཉིད་འཛུགས་དགོས་ཀྱིན་འདུག་ཟེར་ནས་ཕན་བདེ་ལེགས་བཤད་གླིང་དུ་མཚན་ཉིད་བཙུགས་པ་དེ་དག བསྟན་པའི་ཞབས་འདེགས་ཡིན་བསམ་པ་དྲན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་དེ་ཚོར་སོ་སོར་ལུང་པ་ཡོད། དེ་བཞིན་དགོན་པ་མང་པོ་ཡོད་ཡོད་པ་རེད། བཤད་སྒྲུབ་གཉིས་ཀྱིས་ལུང་རྟོགས་བསྟན་པ་ཡག་པོ་ཞིག་འཛིན་སྐྱོང་བྱ་འདོད་ན། གཞི་མ་ཡོད་ཡོད་པ་རེད། ང་ཚོ་བཙན་བྱོལ་བར་གཞི་མ་ཡོད་པ་མ་རེད། སྡུག་ས་ནས་བཤད་ན། འབྱུང་འགྱུར་གང་འདྲ་ཆགས་ཡོང་ལ་ཐེ་ཚོམ་རེད། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོ་ཕ་མེས་ནས་སངས་རྒྱས་ཀྱི་ཆོས་བྱེད་མཁན་ཡིན་སྟབས། ཡར་རྒྱས་སུ་གཏོང་ཐུབ་ན་གཞི་རྩ་བརྟན་པོ་ཚུགས་ཡོད། ཚང་མས་སེམས་ཤུགས་མ་ཆག་པ་བྱས་ཏེ། སྤྱི་བའི་དོན་དག་ཆེན་པོ་ཞིག་ཡིན་བསམ་པའི་ཐོག་ནས་སྙིང་སྟོབས་བསྐྱེད་དེ་ཧུར་བརྩོན་བྱོས།

 

དགེ་སློང་མ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། ང་ཚོས་རྣམ་རྒྱུན་ཡུལ་དབུས་སུ་སྐྱེས་པ་ཞེས། ས་ཚིགས་ཀྱི་དབང་དུ་བྱས་བའི་ཡུལ་དབུས་དང་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས། ཞེས་བཤད་སྲོལ་ཡོད། བོད་ཀྱི་ལུང་པ་དེ་ས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་མ་རེད། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཆགས་ཡོད། འཁོར་རྣམ་བཞིར་གྱུར་བའི་ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་རེད། ཟེར་གྱིན་ཡོད་ཀྱང། འཁོར་རྣམ་བཞི་ཚང་གིན་ཡོད་པ་མ་རེད། དགེ་སློང་མ་ཚང་གིན་ཡོད་པ་མ་རེད། འོན་ཀྱང། དགེ་སློང་མ་བསྒྲུབ་པར་འདུལ་བའི་གཞུང་དང་མཐུན་པ་ཞིག་གི་ཐོག་ནས་བསྒྲུབ་དགོས་པ་ལས། ༧རྒྱལ་བ་རིན་པོ་ཆེའི་དབང་ཚད་ཀྱི་ཐོག་ནས་ཐག་གཅོད་རྒྱུ་ལྟ་བུ་ཡོད་པ་མ་རེད། འོན་ཀྱང། སྡེ་བ་ཐ་དད་པའི་ཐོག་ནས་རྒྱ་ནག་གི་འདུལ་བའི་སྡོམ་བརྒྱུད་ནང་དགེ་སློང་མའི་སྡོམ་བརྒྱུད་ཡོད་པ་རེད། བོད་པ་ཚོས་ཀྱང་དགེ་སློང་མ་བསྒྲུབས་པ་ཡོང་གིན་ཡོད། གསལ་བོ་ཞིག་དང་གདེང་ཚོད་ཡོད་པ་ཞིག་གི་ཐོག་ནས་བསམ་བློ་གཏོང་དགོས་པ་གལ་ཆེན་པོ་རེད། བསྒྲུབ་བྱ་འཁོར་རྣམ་བཞི་ཆ་ཚང་བ་ཞིག་བསྒྲུབ་ཐུབ་ན་བསྟན་པའི་ཞབས་འདེགས་རེད།

 

ཁྱེད་ཚོས་ད་བར་ཧུར་བརྩོན་གནང་བ་རེད་ལ། ད་དུང་ཡང་ཧུར་ཐག་བྱས་ཏེ། མ་འོངས་པར་སློབ་གཉེར་གང་འཚམ་གྲུབ་རྗེས་ཕྱིར་སོ་སོའི་ཡུལ་དུ་ཕྱིན་ཏེ། སྔར་ཡོད་པའི་བཙུན་དགོན་རྣམས་སྤུས་དག་དང༌། ཡར་རྒྱས་སུ་གཏོང་རྒྱུར་ཁུར་ལེན་ཐུབ་ན་ཡག་པོ་རེད། དེང་སྐབས་གདན་ས་ཁག་ནས་ཐོན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་མང་པོ་ཞིག་གིས་སོ་སོའི་ལུང་པར་བསྟན་པའི་ཞབས་འདེགས་སྒྲུབ་ཀྱིན་ཡོད། དེ་ལྟར་བཙུན་མ་ཚོས་ཀྱང། མ་འོངས་པར་སོ་སོ་ཡོང་སའི་བཙུན་དགོན་སྤུས་དག་ཏུ་གཏོང་རྒྱུ་གལ་ཆེན་པོ་རེད། སྤུས་དག་པོར་ཉམས་པ་མེད་པའི་ཐོག་ནས་གྲངས་ཀ་ཏོག་ཙམ་མང་དུ་ཕྱིན་ཡང་འགྲིག་གི་རེད། ཚད་ལས་བརྒལ་དེ་མི་འབོར་འཕེལ་རྒྱས་འཕེལ་རྒྱས་དང༌། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་དགོས་པ་ཆགས་ན། གནས་ཚུལ་ཁ་ཁ་རེད། གྲངས་ཀ་མང་པོ་ཆགས་ཤིང༌། སྤུས་དག་པོ་མེད་ན། བསྟན་པར་ཞབས་འདེགས་བསྒྲུབ་པའི་ཚབ་ལ་ཞབས་འདྲེན་ཞུ་རྒྱུའི་ཉེན་ཁ་ཡོད། དེ་ཁྱེད་ཅག་གི་དགོངས་པར་ཆོངས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་ཆོས་དར་ཡོད་པའི་ས་ཁུལ་དག་ལ། སངས་རྒྱས་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ང་ཚོ་བོད་པ་བཙན་བྱོལ་བའི་ངོས་ནས་ཞབས་འདེགས་གང་བསྒྲུབ་ཐུབ་པ་དེ་དགའ་བཞིན་སྤྲོ་བཞིན་ད་བར་བསྒྲུབས་ཡོད་ལ། ད་དུང་ཡང་བསྒྲུབ་ངེས་ཡིན། ཞེས་གསུངས་བྱུང

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

6 thoughts on “བཙུན་དགོན་འཇམ་དབྱངས་ཆོས་གླིང་ལེགས་འགྲུབ།

  1. ཤེལ་དཀར་བློ་བཟང་།

    གོང་དཀར་ངག་རྣམས་ལགས་ཀྱིས་དགེ་སློང་མའི་སྐོར་ལ་ལྟ་ཚུལ་ཅི་ཡོད་ཅེས་བཀའ་འདྲི་གནང་བར་དགའ་བསུ་ཡོད། འོན་ཀྱང་དགེ་སློང་མའི་སྐོར་ལ་བཀའ་མོལ་གནང་བར་དམ་ཆོས་འདུལ་བའི་བཅས་ཁྲིམས་ལ་རྒྱུས་མངའ་རྩ་བ་ནས་མེད་པར་ཁ་བདེ་པོ་དང་སུམ་རྟགས་ཀྱི་འགྲོ་སྟངས་ཤེས་པ་ཙམ་གྱིས་མི་ཕན།
    སྤྱིར་སྨྲ་བརྗོད་རང་དབང་དང་བསམ་ཚུལ་རྗེ་ལེན་བྱེད་རྒྱུའི་ཐོབ་སྟངས་སྐྱེ་འགྲོ་ཀུན་ལ་ཡོད་ཀྱང་། ཕན་ལས་གནོད་ཚབ་ཆེ་བའི་རིགས་ནི་རེ་ཞིག་བཏང་སྙོམས་སུ་བཞག་ན་ལེགས་སོ།།

  2. ཤེལ་དཀར་བློ་བཟང་།

    ༼རྒྱལ་བའི་འོ་བརྒྱལ་༽
    སྔོན་བྱོན་འཕགས་བོད་མཁས་གྲུབ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟངས་དང་། དེང་དུས་རྗེས་འཇུག་པ་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟངས་ལ་ཧེ་བག་ཆེན་པོ་ཞིག་ཏུ་མཐོང་། དེ་ཡང་སྔ་མས་ནང་གཙོ་ལ་ཕྱི་ཕལ་པར་འཛིན་པ་དང་ཕྱི་མས་ཕྱི་གཙོ་ལ་ནང་ཕལ་པར་འཛིན་པ་མཐོང་ཆོས་ལྟར་རོ།
    ༸མགོན་པོ་མཆོག་དགུང་ལོ་མཐོ་ཞིང་མཛད་འཕྲིན་གྱིས་སྐད་ཅིག་ཀྱང་ཞུགས་དབང་མེད་ན་ཡང་། རྒྱ་ཆེ་སར་བསམ་ཞིབ་རྩ་བ་ནས་མེད་པར་མཛད་སྒོ་དང་རྟེན་འབྲེལ་ཞེས་མིང་སྙམ་པོ་ཞིག་བཏགས་ནས་ཕྱིས་སུ་སོ་སོའི་གྲྭ་ཤག་དང་སྡོད་ཁང་གསར་བའི་མཛད་སྒོར་ཡང་གདན་འདྲེན་མི་ཞུ་བའི་ངེས་པ་མིན་འདུག།