སར་ཁོ་ཛེ་ལ་གཡོལ་བ།

༧གོང་ས་མཆོག་ལ་པཱ་རེ་སིའི་མི་སེར་མཚན་མཐོང་གི་ཕྱག་འཁྱེར་འབུལ་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་རྒྱ་ནག་གི་མི་སེར་རྣམས་ཀྱིས་ཧྥ་རན་སིའི་སྲིད་འཛིན་སར་ཁོ་ཛེ་དང་ཁོའི་སྲིད་གཞུང་གིས་བོད་ལ་བཟུང་བའི་རྣམ་འགྱུར་གྱི་དབང་གིས་ཧྥ་རན་སིའི་ནང་དུ་ལྟ་སྐོར་ལ་འགྲོ་གི་མི་འདུག་ཟེར།

གཟའ་མཇུག་འདིར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་མཐུན་ཚོགས་ཀྱི་ཚོགས་གཞོན་ཇའི་ཞའོ་ཏུང་ཟེར་བས་བྷུ་ར་ཛིལ་ནས་ཨེ་པེ་གསར་ཁང་ལ་བརྗོད་དོན། སྲིད་འཛིན་སར་ཁོ་ཛེ་ཡིས་ལོ་སྔོན་མའི་ཨོ་ལིམ་པིག་སྔ་རྗེས་སུ་ག་རེ་བྱས་པ་དེར་མ་དགའ་བའི་རྐྱེན་གྱིས་དེང་སྐབས་རྒྱ་ནག་གི་མི་སེར་ཧྥ་རན་སིར་འགྲོ་མཁན་གྱི་གྲངས་འབོར་དེ་མངོན་གསལ་གྱིས་ཉུང་དུ་སོང་ཡོད་ཟེར།

ཇའི་ཞའོ་ཏུང་གིས་བཤད་དོན། ཁོང་ཚོ་སར་ཁོ་ཛེ་དང་ཁོའི་སྲིད་གཞུང་ལ་གཡོལ་དོན་ནི་ལོ་སྔོན་མ་ཨོ་ལིམ་པིག་དཔལ་འབར་འཁྱེར་དུས་ཀྱི་དོན་རྐྱེན་དང་། ཕྱི་ཟླ་ ༡༢ པའི་ནང་སར་ཁོ་ཛེ་དང་ཏཱ་ལའི་བླ་མ་གཉིས་ཐུག་འཕྲད་བྱས་པའི་རྐྱེན་གྱིན་རེད་ཟེར་ལ། ཡུ་རོབ་གླིང་ནས་རྒྱ་ནག་གི་ཡུལ་སྐོར་བ་ཚོའི་སྙེག་ས་གཙོ་བོ་ནི་ཧྥ་རན་སི་ཡིན་ཡང་། པཱ་རེ་སིས་བོད་ལ་འཛིན་པའི་སྲིད་བྱུས་ཀྱི་དབང་གིས་ཉེ་བའི་ཆར་ནས་ཧྥ་རན་སིར་འགྲོ་མཁན་ཇེ་ཉུང་དུ་ཕྱིན་པ་རེད་ཟེར།

ཟླ་མགོ་འདིར་༧གོང་ས་མཆོག་ལ་པཱ་རེ་སི་གྲོང་ཁྱེར་གྱི་མི་སེར་མཚན་མཐོང་གི་ཕྱག་འཁྱེར་འབུལ་རྒྱུ་ཡིན་སྐོར་གསར་ལམ་ཁག་ཏུ་སླེབ་མ་ཐག་པེ་ཅིན་གྱིས་ཧྥ་རན་སིར་བོད་ཀྱི་གནད་དོན་ཕྱོགས་ནས་ནོར་འཁྲུལ་བསྐྱར་དུ་ཤོར་མ་འཇུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

འཆར་ཟླའི་ཚེས་ ༦ ནས་ ༨ བར་དུ་༧གོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply