ཨང་སིན་སུ་སྐྱིད་ལ་ཐུག་འཕྲད་བྱས་ཆོག

འབར་མའི་དམག་མིའི་གཞུང་གིས་དེ་རིང་གློ་བུར་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཨང་སུན་སི་སྐྱིད་ཀྱི་ཁྲིམས་བཤེར་རྗེས་ནས་གསར་འགོད་པ་དང་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་ཁོང་མོར་ཐུག་འཕྲད་བྱས་ཆོག་ཟེར།

འདས་པའི་ལོ་ ༡༩ རིང་གི་ལོ་ ༡༣ རིང་ཨང་སིན་སུ་སྐྱིད་ལགས་བཀག་ཉར་བྱས་རྗེས། ཉེ་ཆར་ཨ་རིའི་མི་སེར་ཞིག་གསང་སྟབས་ཀྱིས་ཨང་སིན་སུ་སྐྱིད་ཀྱི་ཁྱིམ་དུ་འཛུལ་རྗེས་དམག་མིའི་གཞུང་གིས་ཨང་སིན་སུ་སྐྱིད་ཀྱིས་བཀར་ཉར་གྱི་ཁྲིམས་གཞི་གཏོར་སོང་ཞེས་ཉེས་འཛུགས་ཀྱིས་ཕྱི་ཚེས་ ༡༨ ཉིན་ཁོང་ཁྲིམས་ལ་སྦྱར། མི་རྣམས་ཀྱི་ཚོད་དཔག་ལ་ཐེངས་འདིར་ཨང་སིན་སུ་སྐྱིད་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་གཅོད་ངེས་པར་བཤད།

ཕྱི་ཚེས་ ༢༠ ཉིན་འབར་མ་དམག་མིའི་གཞུང་གི་དྲིལ་བསྒྲགས་བློན་ཆེན་གྱིས་གློ་བུར་དུ། ཕྱི་ཚེས་ ༢༠ ཉིན་གྱི་ཁྲིམས་བཤེར་རྗེས་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ ༥ དང་ས་གནས་གསར་འགོད་པ་ ༥ རེ་ཁྲིམས་བཤེར་གྱི་རྗེས་ནས་ཁྲིམས་ཁང་དེར་ཡོང་ཆོག་པ་དང་། དེ་བཞིན་རྒྱལ་ཁབ་ཚང་མའི་གཞུང་ཚབ་ཀྱི་མི་སྣ་གཅིག་རེ་ཡོང་ཆོག་པར་བཤད།

ཨང་སིན་སུ་སྐྱིད་ཀྱི་ཁྱིམ་དུ་འཛུལ་མཁན་ཨ་རིའི་མི་སེར་ Yettaw ཞུ་བར་ཡང་ཁྲིམས་བཤེར་བྱེད་ཀྱི་ཡོད་སྟབས་ཨ་རིའི་གཞུང་ཚབ་པ་ཞིག་ཁྲིམས་བཤེར་སྐབས་ཁྲིམས་ཁང་ནང་ཡོང་ཆོག་པར་བཟོས་འདུག

གཞན་ཡང་། ཐའེ་ལན་ཌི་དང་སིན་གྷ་པོར། ར་ཤི་ཡ་བཅས་ཀྱི་གཞུང་ཚབ་པ་རྣམས་ཁྲིམས་བཤེར་གྲུབ་མཚམས་ཨད་སིན་སུ་སྐྱིད་ལ་དངོས་སུ་ཐུག་ཆོག་པར་བཤད། བཤད་ཚུལ་ལ། གཞུང་ཚབ་པ་འདི་དག་ནི་བཙོན་ཁང་ར་བ་དེའི་ནང་གི་མགྲོན་ཁང་ཞིག་ཏུ་ཨང་སིན་སུ་སྐྱིད་ལ་ཐུག་རྒྱུ་ཡིན་ཚུལ་འདུག

ཐག་གཅོད་འདི་ནི་ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་རྒྱལ་ཁབ་དག་གིས་ཨང་སིན་སུ་སྐྱིད་ཀྱི་ཁྲིམས་བཤེར་ཐད་ཤིན་ཏུ་བློ་འཚབ་ཡོད་པ་དང་། ཁོང་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་རྗེས་ཡོང་ཡོད་ཚུལ་འདུག

ཨ་རིའི་གཞུང་གིས་ཨང་སིན་སུ་སྐྱིད་དང་ཆབ་སྲིད་བཙོན་པ་ ༢༡༠༠ ལྷག་ཡོད་པ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་དགོས་སྐོར་བརྗོད་ཡོད་པ་རེད།

འབར་མའི་དམག་མིའི་མཐུན་ཕྱོགས་དང་ཤུགས་རྐྱེན་ཆེ་ཤོས་ཤིག་ནི་རྒྱ་ནག་ཡིན་ལ། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འདིའི་ཐད། འབར་མའི་དོན་དག་ནི་འབར་མ་མི་དམངས་ཀྱིས་ཐག་གཅོད་དགོས་པ་རེད། ང་ཚོས་འབར་མའི་ནང་གི་འབྲེལ་ཡོད་ཚོགས་པ་ཁག་གིས་གྲོས་མོལ་བརྒྱུད་རྒྱལ་ཁབ་དེའི་ནང་འགྲིག་མཐུན་དང་བརྟན་ལྷིང་། ཡར་རྒྱས་བཅས་ཡོང་བར་རེ་བ་རྒྱག་གི་ཡོད་ཅེས་བཤད་འདུག

 

༧གོང་ས་མཆོག་གིས་སྔོན་ཆད་ཨང་སིན་སུ་སྐྱིད་ནི་ཁོང་གི་སྐུ་སྤུན་དང་འདྲ་བོ་ཡོད་སྐོར་གསུངས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “ཨང་སིན་སུ་སྐྱིད་ལ་ཐུག་འཕྲད་བྱས་ཆོག

  1. སོག་ལྷ་རྒྱལ།

    ལྷོ་ཤར་ཨེ་ཤ་ཡའི་མཐུན་ཚོགས་རྒྱལ་ཁབ་དག་གིས་རྒྱ་དམར་ལ་དེ་འདྲའི་གནོད་ཤུག་ཞིག་ཅི་མ་རུང་