འཇོ་མདའ་རྫོང་རོང་གསུམ་གྲོང་ནས་མི་ ༡༤ འཇུས་པ།

སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་དགེ་སྤྱི་བེ་རི་འཇིགས་མེད་ལགས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། སྤྱི་ཟླ་ ༥ ཚེས་ ༡༤ ཉིན་རྒྱ་གཞུང་གིས་ཁམས་སྡེ་དགེ་འཇོ་མདའ་རྫོང་ཐང་ཕུག་ཆས། རོང་གསུམ་ཤང༌། རོང་གསུམ་གྲོང་ཚོ་ནས་གྲོང་མི་བཅུ་གཅིག་འཛིན་བྱས་འདུག

འཇོ་མདའ་ཆོས་འཛོམས་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། མི་དེ་དག་གི་ཁྲོད་ནས་རིན་ཆེན་རྡོ་རྗེ་དང༌། ཆོས་བཟང་ཞུ་བ་གཉིས་ནག་ཉེས་ཆེ་བར་བརྩིས་ཏེ་ཆབ་མདོ་གྲོང་བརྡལ་ལ་འཁྲིད་ཡོད་པ་རེད་ཟེར་བ་ལས་ད་ལྟའི་ཆར་ཁ་གསལ་ཞིག་ཤེས་རྟོགས་བྱུང་མི་འདུག གཞན་རྣམས་ནི་འཇོ་མདའ་རང་དུ་བཙོན་འཇུག་བྱས་འདུག གོང་གསལ་བོད་མི་དེ་དག་འཛིན་བཟུང་བྱས་དོན་ནི། རོང་གསུམ་གྲོང་ཚོ་སྤྱི་མགྲིན་ནས། ས་བྱི་དང་ས་གླང་ཞི་བའི་འོས་ལངས་ནང་ཞུགས་པའི་བོད་རིགས་སྤུན་ཟླ་ཚོར་རྒྱ་གཞུང་གིས་མནར་གཅོད་འདྲ་མིན་གཏོང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། འདི་ལོར་ཞིང་ཁ་འདེབས་ཀྱི་མིན་ཞེས་་གྲོང་མི་ཚོ་རི་ལ་འབུ་རྐོ་རུ་འགྲོ་བར་ས་གནས་རྒྱ་གཞུང་གིས་ས་ཞིང་རྨོ་འདེབས་བྱེད་དགོས་པའི་བཙན་བཀའ་ཕབ་ཀྱང་མ་ཉན་པས་གླེང་རྙོག་ཡོད་བཞིན་པའི་མུར། ཁུལ་དེའི་གནས་རི་ཨ་མྱེས་རྫོང་ཞེས་པའི་རི་གཤམ་ནས་རྒྱ་མིས་བྱེ་མ་དབོར་ནས་འཚོང་འགྲེམ་བྱེད་པར། གྲོང་མི་ཚོས་འདི་ནས་བྱེ་མ་དབོར་ན་ལུང་པར་བཀྲ་མི་ཤིས་པ་ཡོང་ཚུལ་འགྲེལ་བརྗོད་ཀྱིས་ཉིན་མང་རིང་བཀག་ཀྱང༌། དོན་ཕན་མ་བྱུང་ཐོག་གོ་སྐབས་དེར་བཟུང་ནས་གྲོང་ཚོའི་མི་ ༡༡ འཛིན་བཟུང་བྱས་པ་རེད་འདུག གོང་གསལ་མི་བཅུ་ ༡༡  དེ་དག་ནི། ཇོ་རུ། རྡོ་རྗེ། མི་གཡང༌། བཀྲ་ཤིས་ཚེ་དགའ། ཉི་སྒྲོན། ཆོས་སྐྱོང༌། མགོན་རྡོ། བསོད་ནམས་བཀྲ་ཤིས། ནོར་བུ་བཀྲ་ཤིས། རིན་ཆེན་རྡོ་རྗེ། ཆོས་བཟང༌། བཅས་ཡིན་འདུག གོང་གསལ་འཛིན་བཟུང་ཟིན་པའི་གྲོང་མི་དེ་དག་གིས་རྒྱ་གཞུང་ལ་རྒྱ་སྒོར་ ༢༠༠༠ རེ་སྤྲད་ན་གློད་རེ་ཡོད་ལུགས་གོ་རྒྱུ་ཡོད་ནའང་གྲོང་མི་ཚོའི་དཔལ་འབྱོར་གྱི་གནས་བབ་སྐྱོ་བས་གློད་ཐབས་རྙེད་ཀྱི་མེད་པ་དང༌། མུ་མཐུད་ཞིང་ཁ་རྨོ་རོགས་མ་བྱས་པར་རྒྱ་གཞུང་འུ་ཐུག་ནས་གཞུང་གི་འཕྲུལ་འཁོར་གྱིས་རྨོ་རྩིས་བྱེད་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply