སྐྱབས་བཅོལ་ལག་ཁྱེར།

ལོ་ཤས་རིང་བོད་པ་སྐྱབས་བཅོལ་བའི་ལག་ཁྱེར་ R.C ཐོག་གནས་ཚུལ་འདྲ་མིན་བྱུང་བ་དང༌། སྐྱབས་བཅོལ་ལག་ཁྱེར་བཟོ་སྟངས་ལ་ཡང་རིགས་ཁ་ཤས་བྱུང་སྟེ། མང་ཚོགས་ཁྲོད་གོ་བརྡ་མ་འཕྲོད་པ་སོགས་ཀྱི་གནས་སྟངས་ཡོང་གིན་ཡོད་སྟབས། ཀང་ར་རྫོང་ཉེན་རྟོག་ལས་ཁུངས་དང་བོད་གཞུང་བདེ་སྲུང་ལས་ཁུངས་མཉམ་འབྲེལ་གྱིས་མི་དམངས་ལ་ཁྲིམས་དང་སྐྱབས་བཅོལ་ལག་ཁྱེར་སྐོར་ལ་ལམ་སྟོན་གནང་ཡོད།

 

ཕྱི་ཚེས་ ༨ ཉིན་བོད་གཞུང་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན། ཀརྨ་བསྟན་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར་སྐྱབས་བཅོལ་ལག་ཁྱེར་བཟོ་ཕྱོགས་སྐོར་ལ་གསལ་བཤད་གནང་དོན། སྐྱབས་བཅོལ་ལག་ཁྱེར་ལ་བཟོ་སྟངས་རིགས་གསུམ་ཡོད། དང་པོ་རྒྱ་གར་ནང་སྐྱེས་པ་དང༌། གཉིས་པ་ ༢༠༠༣ ལོའི་སྔོན་ལ་བོད་ནས་ཕེབས་པ། གསུམ་པ་ ༢༠༠༣ ལོའི་རྗེས་སུ་བོད་ནས་ཕེབས་བཅས་རེད།

 

དང་པོ། རྒྱ་གར་ནང་སྐྱེས་པ་ཡིན་ན་ལོ་ ༡༦ ཟིན་མཚམས་སྐྱབས་བཅོལ་ལག་ཁྱེར་བཟོ་དགོས་པ་རེད། ས་གནས་གྲོང་སྡེ་ལས་ཁུངས་ནས་སྐྱེས་ཚེ་ལག་ཁྱེར་དང༌། ཕ་མ་གཉིས་ཀྱི་སྐྱབས་བཅོལ་ལག་ཁྱེར་གྱི་ངོ་བཤུས། ས་གནས་གཞིས་མགོའི་རྒྱབ་གཉེར་བཅས་དགོས་པ་རེད། བུ་ཕྲུག་སྐྱེས་མ་ཐག་གྲོང་སྡེ་ལས་ཁུངས་ནས་སྐྱེས་ཚེས་ལག་ཁྱེར་བཟོ་པ་དང༌། ཕ་མ་འདས་གྲོངས་སུ་ཕྱིན་ན་དུས་ཐོག་ཏུ་སྐྱབས་བཅོལ་ལག་ཁྱེར་འབྲེལ་ཡོད་ལས་ཁུངས་སུ་རྩིས་སྤྲོད་བྱ་དགོས། འོན་ཀྱང༌། ཉེ་ལམ་བསྐྱར་དུ་རྒྱ་གར་གཞུང་གིས་བོད་པའི་དཀའ་ངལ་ལ་གཟིགས་ཏེ། ༡༩༨༧ ནས་ ༢༠༠༢ ཟླ་ ༡༠ ཚེས་ ༣༠ བར་བྱིས་པ་སྐྱེས་རིགས་ལ་ས་གནས་གཞིས་མགོའི་སྐྱེས་ཚེས་ལག་ཁྱེར་ཡོད་ན་སྐྱབས་བཅོལ་ལག་ཁྱེར་བཟོ་ཆོག གཞིས་མགོའི་སྐྱེས་ཚེས་ལག་ཁྱེར་སྐྱབས་བཅོལ་ལག་ཁྱེར་ཁོ་ནའི་ཆེད་མ་གཏོགས་བེད་སྤྱོད་མེད། ཅེས་རྩ་འཛིན་ཞིག་ཕེབས་ཡོད། གནས་ཚུལ་དེ་གསར་བ་རེད། མི་འགྱངས་པར་ལག་བསྟར་བྱ་རྒྱུ་རེད།

 

གཉིས་པ། ༢༠༠༣ ལོའི་སྔོན་ལ་བོད་ནས་ཕེབས་པའི་རིགས་རེད། གསལ་བསྒྲགས་བཏང་ལ་ལྟར་མི་ ༧༠༠༠ ལྷག་ཙམ་གྱི་ཐོ་གཞུང་རྒྱ་གར་གཞུང་ལ་སྤྲད་དེ་སྐྱབས་བཅོལ་ལག་ཁྱེར་ཞུས་ཡོད། རྒྱ་གར་གཞུང་ནས་ ༢༠༠༥ ཟླ་ ༡༡ བར་ཐོ་གཞུང་འབྱོར་རིགས་ལ་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་ཆོག་མཆན་ཐོབ་སྟེ། ༢༠༠༦ ལོའི་ཟླ་ ༡༠ པར་ངྷ་སྟེང་བོད་ཁྱིམ་ནས་མགོ་འཛུགས་བྱས་ཡོད། སྐབས་དེར་ཐོ་གཞུང་ནང་མ་ཚུད་པ་དག་ལ་བསྐྱར་དུ་གོ་སྐབས་ཁག་པོ་རེད་དྲན་ཡོད། ངྷ་སའི་མི་དམངས་ལ་མཚོན་ན། མི་གྲངས་ ༨༠༠ ལྷག་གིས་ཐོ་བརྒྱབས་ཡོད་པ་ལས་དངོས་སུ་བཟོ་སྐབས། བརྒྱ་ཆ་ ༤༧ ཙམ་ལས་འབྱོར་ཡོད་པ་མ་རེད། འོན་ཀྱང༌། ཐོ་གཞུང་ནང་ཚུད་ཡོད་སྟབས་ག་དུས་ཕེབས་ཀྱང་བཟོ་ཐུབ་གི་རེད་བསམ་ཡོད། དེར་བརྟེན། ༢༠༠༣ བར་བོད་ནས་འབྱོར་རིགས་ཚོར་སྐྱབས་བཅོལ་ལག་ཁྱེར་གྱི་དཀའ་ངལ་སེལ་ཡོད།

 

གསུམ་པ། ༢༠༠༣ ཟླ་ ༥ ཚེས་ ༣༠ རྗེས་སུ་བོད་ནས་ཕེབས་ཏེ། བལ་ཡུལ་རྒྱ་གར་གཞུང་ཚབ་ནས་ལག་དེབ་དཀར་པོ་ཡོད་པ་དག་རེད། ལག་དེབ་དཀར་པོ་དེའི་སྟེང༌། སྐྱབས་བཅོལ་དང༌། གནས་སྐོར། ཤེས་ཡོན། གཞན། ཞེས་རིགས་ ༤ འདུག དེ་དག་ལས་ཤེས་ཡོན་དང་སྐྱབས་བཅོལ་བཀོད་ཡོད་རིགས་ལ་སྔར་ལོའི་སྤྱི་ཟླ་ ༩ པ་ནས་ཤེས་རབ་དགའ་ཚལ་སློབ་གླིང་ནས་མགོ་འཛུགས་ཀྱིས་སྐྱབས་བཅོལ་ལག་ཁྱེར་བཟོ་བཞིན་ཡོད། སྔོན་མ་ཐོ་གཞུང་ནང་ཚུད་མེད་ཀྱང༌། ས་གནས་མགོ་འཛིན་ས་ནས་ཐོ་གསར་དུ་རྒྱག་ཆོག་གིན་ཡོད། འོན་ཀྱང༌། གནས་སྐོར་དང་གཞན་ཟེར་བ་དེ་གཉིས་ལ་ད་ལྟ་དཀའ་ངལ་འཕྲད་ཡོད་ཀྱང༌། ལམ་སྟོན་གསར་བ་ཞིག་ཕེབས་མདོག་ཁ་བོ་རེད་དྲན་ཡོད། ཡང་ལག་དེབ་དཀར་པོ་ཐོ་རྒྱག་ས་དང་ད་ལྟའི་སྡོད་གནས་མི་འདྲ་བའི་རིགས་ལ། སོ་སོའི་ད་ལྟའི་སྡོད་གནས་འབྲེལ་ཡོད་ལས་ཁུངས་སུ་ཐོ་འགོད་བྱ་དགོས། 

 

གོང་གི་སྐྱབས་བཅོལ་ལག་ཁྱེར་བཟོ་སྟངས་གསུམ་གྱི་སྐྱབས་བཅོལ་ལག་ཁྱེར་གྱི་གནས་བབ་གཅིག་མཚུངས་རེད། མི་འདྲ་ས་ནི། རིགས་དང་པོའི་སྟེང་རྒྱ་གར་ནང་སྐྱེས་པ་བཀོད་ཡོད། རིགས་གཉིས་པ་དང་གསུམ་པའི་སྟེང་བོད་ནས་ཕེབས་པ་ཁ་གསལ་བཟོས་ཡོད། འོན་ཀྱང༌། སྐྱབས་བཅོལ་ལག་ཁྱེར་བཟོ་སྟངས་བཞི་བ་ཞིག་བྱུང་ཡོད། དེ་ནི་སྒེར་སོ་སོས་ཐབས་ལམ་འདྲ་མིན་བརྒྱུད་དེ་བཟོ་བཞིན་ཡོད། དེ་རིགས་བདེ་སྲུང་ཡན་ལག་ནས་ཤེས་ཡོད་ལ། རྒྱ་གར་འབྲེལ་ཡོད་ལས་ཁུངས་ནས་ཀྱང་ཤེས་ཡོད་པ་རེད། ནམ་ཞིག་ཁྲིམས་ཐོག་ནས་ཞིབ་འཇུག་བྱེད་སྐབས་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། ཅེས་ངོ་སྤྲོད་གནང་བྱུང།

 

ཡང་ཁོང་ལ་བོད་ནས་ཕེབས་པ་མང་དག་ཅིག་སྐྱབས་བཅོལ་བ་ཡིན་བཞིན་ལག་དེབ་དཀར་པོའི་སྟེང་གནས་སྐོར་དང་གཞན་ཞེས་བཀོད་དོན་གང་ཡིན་དྲིས་པར་ཁོང་གིས། དེ་ལ་རྒྱུ་རྐྱེན་ཁ་ཤས་ཡོད་པ་རེད་སྙམ། མང་པོ་ཞིག་གིས་ལོ་གསང་བ་བྱས་ཡོད་ཀྱང༌། གཟུགས་པོ་སྦེད་ཐབས་ཡོད་པ་མ་རེད། དེ་གཅིག་རེད། གཉིས་པ། སོ་སོའི་རླུང་རྟ་རྒྱུགས་མིན་དང༌། རྒྱ་གར་ལས་བྱེད་ཚོ་ཁམས་དྭངས་མིན་ལ་འབྲེལ་བ་ཡོད་པ་རེད་སྙམ། སྣེ་ལེན་ཁང་གི་ལས་བྱེད་མི་སྣས། ཁོ་ལ་གནས་སྐོར་ཕྲིས། ཁོ་ལ་སྐྱབས་བཅོལ་ཕྲིས། ཞེས་དབྱེ་འབྱེད་བྱས་པ་དེ་འདྲ་ཡོད་པ་མ་རེད་སྙམ། གལ་སྲིད་དེ་འདྲ་ཡོད་ན། གཞུང་གི་ལས་དོན་འཐུས་ཤོར་རེད། ཆོལ་ཁ་ཆོས་ལུགས་དབྱེ་འབྱེད་རེད། གཞུང་གི་ངོས་ནས་ཞིབ་འཇུག་བྱ་དགོས་པ་ཆགས་ཀྱིན་ཡོད།

 

ལག་དེབ་དཀར་པོའི་དུས་ཚོད་འཕར་འགྱངས་ཐད། སྔོན་མ་ནས་འབད་བརྩོན་ཞུས་འདུག་ཀྱང༌། ད་བར་ལམ་ཁ་རག་མི་འདུག  ཡང་མི་རེ་ཟུང་གིས་ལག་དེབ་དཀར་པོའི་ནང་དོན་ལ་འགྱུར་བ་བཏང་འདུག དེ་རིགས་ཉེན་ཁ་ཆེན་པོ་རེད། ཡང་ཁག་ཅིག་གིས་སོ་སོའི་ལག་དེབ་དཀར་པོའི་དུས་ཚོད་རྫོགས་ཏེ། འབྲེལ་ཡོད་ལས་ཁུངས་དང་དགོས་མཁོ་བྱུང་སྐབས་སྟོན་རྒྱུར་ཚེར་སྣང་བྱེད་ཀྱིན་ཡོད་པ་འདྲ། སོ་སོར་ཁྲིམས་ཀྱི་ནག་ཉེས་མེད་ན། ལག་དེབ་དཀར་པོ་སྟོན་རྒྱུར་ཞེད་སྣང་བྱ་དགོས་པ་མ་རེད་དྲན་ཡོད། ཚང་མས་ཉམས་འཇོག་བྱ་དགོས་པ་ཞིག་ལ། མི་འགྱངས་པར་བོད་ནས་ ༢༠༠༣ རྗེས་སུ་ཕེབས་པའི་ལག་དེབ་དཀར་པོ་ཡོད་རིགས་ལ་དབྱེ་བ་ཕྱེས་ཏེ། གནས་སྐོར་དང་གཞན་ཟེར་བ་གཉིས་ཀྱི་མིང་ཐོ་ཞིག་བསྡུ་འཆར་ཡོད་འདུག། གསལ་བསྒྲགས་དེ་ས་གནས་ཁག་ལ་ག་དུས་འབྱོར་ན། མ་གོ་མ་ཤེས་མེད་པའི་ཐོག་ནས་དོ་སྣང་བྱ་དགོས། ཞེས་གསུངས་བྱུང༌།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

3 thoughts on “སྐྱབས་བཅོལ་ལག་ཁྱེར།

  1. སྐར་ཁྲི་བཙན།

    ཁྱོད་ཚོ་རྒྱ་གར་ན་ཡོད་ནི་ཚོ་དྲག་གི་ཤོད་ད། དེ་ན་བལ་ཡུལ་ན་ཡོད་ནི་ཚོ་སྙིང་རྗེ་བདག་པོ་དང་ཐག་རིང་སོང་བས་ད་མྱོང་གི་རེད་ད།

  2. གླིང་བུ་བསོད་ནམས་ཚེ་རིང་།

    ངས་བལྟས་ན་བཙན་བྱོལ་བོད་གཞུང་འབངས་གཉིས་ཀར་ཐབས་སྐྱོ་ཤོས་ནི་ལག་ཁྱེར་འདི་ཚོ་སྤྲོད་ལེན་བྱེད་སྟངས་དེ་རེད། གཞུང་གི་ངོས་ནས་བྱེད་སྟངས་འདིའི་ཐད་རྒྱ་གར་གཞུང་དང་འབྲེལ་ལམ་སྐྱོ་བ་དང། ཚགས་ཚུད་པོ་མེད་པ། བྱས་པ་རྣམས་སྤུས་དག་པོ་མེད་པ་བཅས་འདོད་བློ་མ་ཚིམས་པའི་ཆ་ཤས་མང་པོ་འདུག
    མི་དམངས་ཀྱི་ངོས་ནས་ལག་ཁྱེར་འདི་ཚོའི་བཟོ་སྟངས་ཐད་གོ་རྟོགས་ཡག་པོ་མེད་པས་དངུལ་དང་ཨུ་ཚུགས་ཀྱིས་ལོན་ཐབས་བྱེད་པ་ལས། རིམ་པ་གང་འདྲ་བརྒྱུད་དགོས་པ་དང་ཆ་རྐྱེན་ཅི་ཞིག་ཚང་དགོས་མིན་ཐད་དོ་མི་བྱེད་པ་སོགས་མང་པོ་ཡོད།
    རྒྱལ་ཁབས་དང་ས་གནས་ཚོགས་པ་གང་འདྲ་ཡིན་རུང་གཏན་འབེབས་ཀྱི་ལག་ཁྱེར་བཟོ་སྟངས་ནི་ཡོད་ངེས་པས། གཏན་འབེབས་དེ་གཞིར་བཟུང་ཐོག་སྤྲོད་མཁན་དང་ལེན་མཁན་གཉིས་ཀྱིས་སྤྲོད་ལེན་བྱས་པ་རྙཽག་དྲ་མང་པོ་ཡོང་དོགས་མི་དགོས་ལ། གསལ་བཤད་འདྲ་མིན་སྣ་ཚོགས་བྱེད་དགོས་དོན་ཡང་མེད།
    སྤྱིར་བཏང་ལས་གཉེར་འདི་རྒྱལ་ཁབས་དང་ཡུལ་ལུང་གང་ས་ནས་གཞུང་ཞབས་པ་འགའ་རེ་དང་མགོ་བདེ་པ་འགའ་རེར་ཡོང་སྒོ་ཆེ་ཤོས་ལས་ཀྱི་གཉེར་ཞིག་ཆགས་ཡོད། ཡོང་སྒོ་ལ་བལྟ་ནས་གཏན་འབེབས་ལག་ལེན་གྱི་ལམ་བུ་དེ་གཏོར་བ་ཡོང་ན་ཡང་། གཞུང་གི་ངོས་ནས་དམ་དྲགས་བྱེད་ཆོག་ལ། མི་དམངས་ཀྱིས་ཀྱང་འགྲོ་སོང་ཉུང་བ་དང་གཏན་འབེབས་ཀྱི་ལམ་བུ་དེ་བརྒྱུད་ཤེས་པ་བྱ་རྒྱུ་གལ་ཆེ།
    ངས་བསམ་ན་བཙན་བྱོལ་བོད་གཞུང་གི་འོག་ལ་ཡོད་པའི་སྐྱ་སེར་རྒན་གཞོན་ཕོ་མོ་སུ་འདྲ་ཞིག་ཡིན་རུང་སྐྱབས་བཅོལ་བ་ཞིག་ཡིན་དགོས་ལ། དེ་འདྲའི་མི་རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་ཁྱེར་མི་སྤྲོད་པ་མི་སྲིད་ལ་བཙན་བྱོལ་གཞུང་གིས་ཀྱང་དོ་བདག་རྒྱབ་སྐྱོར་གང་དགོས་བྱེད་དགོས་ངེས་རེད་བསམ་གྱིན་ཡོད། འོན་ཀྱང་ཡ་མཚན་པ་དང་ཡིད་མུག་པ་ཞིག་ལ་དེ་འདྲ་མིན་པར་ལག་ཁྱེར་འདི་ལོན་པར་ཧ་ཅང་དཀའ་ངལ་ཡོད་པ་འདི་བོད་མི་མང་ཆེ་ཤོས་ལ་རེད་འདུག
    གནས་ཚུལ་འདི་ཚོ་གཞུང་དམངས་ཡོངས་ཀྱིས་དོ་སྣང་བྱ་དགོས་ས་ཞིག་རེད་འདུག

  3. བློ་བཟང་རབ་དགའ།

    ཆོ་མེད་རང་རེད།་་་་་་་་་ད་བར་སྐྱབས་བཅོལ་ལག་དེབ་བཟོ་རྒྱུར་དཀའ་ངལ་འཕྲད་བཞཱིན་པར་གཞུང་གི་དོ་སྣང་དེ་ཙམ་མེད་པར་བརྟེན་དོ་བདག་འུ་ཐུག་ཐབས་ཟད་ཀྱིས་དངུལ་གྱི་འགྲོ་གྲོན་བཏང་ཏེ་སྐྱབས་བཅོལ་ལག་དེབ་བཟོས་ཡོད་པ་དངོས་བདེན་རེད།་་ད་ཆ་གཞི་ནས་གཉིད་ལས་བསད་དེ་དེའི་བསྐོར་ཤེས་ཏེ་སྲང་ལམ་ན་ཅ་ཆོ་སྒྲོག་བཞིན་པ་ལས་དོན་དུད་་དུང་དེའི་ཐོག་ཕན་ཐོགས་དཀའ་བ་རེད།་་་་ཀང་ར་རྫོང་གི་སྐྱབས་བཅོལ་ལག་དེབ་བཟོ་རྒྱུའི་སྲིད་ཇུས་རྒྱ་གར་རྒྱལ་ཡོངས་ཀྱི་ལག་ལྟར་བྱེད་སྲིད་དམ།