ཕྱིར་རང་ཡུལ་དུ་ལོག་པ།

ང་ཚོས་དགོས་འདུན་འདི་ཡིན་ཟེར་ནས་སྐད་ཆེན་པོ་རྒྱག་གིན་མེད། སྲོག་ཤོར་བ་དང་བཀག་འགོག་སོགས་ཀྱི་གནས་ཚུལ་ཐབས་རྡུགས་མ་བྱུང་ཚེ། བོད་ཡུལ་མདོ་དབུས་ཁམས་གསུམ་ནང་སྐོར་སྐྱོད་བྱ་རྒྱུ་དེ་ང་ཚོའི་དམིགས་ཚད་ཡིན་ཟེར།

 

ཕྱི་ཚེས་ ༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མགོ་འཛུགས་བྱས་པའི་ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་ཐེངས་གཉིས་པའི་གོམ་བགྲོད་པ་རྣམས་མུ་མཐུད་མདུན་སྐྱོད་བྱེད་མུས་ཡིན་པ་དང༌། ཁོང་ཅག་གི་འཆར་གཞི་ལྟར། གོམ་བགྲོད་པ་མཐའ་ཡས་རྒྱ་མཚོ་དང་བློ་བཟང་སྨོན་ལམ་གཉིས་ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཞོགས་པ་ཕྱིར་ལྡི་ལིར་འབྱོར་ཏེ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ཚེས་ ༡༦ ཉིན་ཁོང་ཅག་གི་རླངས་འཁོར་སྐྱོད་མཚམས་བཞག་སྟེ་ཞབས་ཐང་གིས་གོམ་བགྲོད་བྱས་པའི་ཉིན་ནས་བཟུང༌། བྲག་རོང་དང་གངས་གསེང་བརྒྱུད་དེ། སྐོམ་པའི་བཏུང་བར་གངས་ཆུ་དང༌། བཀྲེས་པའི་ཟས་སུ་རྩམ་སྐྱར་བརྟེན་ཏེ། ད་བར་ཉིན་གྲངས་ ༧ དེ་ཆགས་ཀྱིན་ཡོད་པ་དང༌། རྒྱ་གར་དམག་མིའི་གྱེན་འཕུར་གནམ་གྲུ་ཁོང་ཅག་གི་མགོ་ཐོག་ནས་ལྡིང་སྐོར་ཡང་ཡང་རྒྱག་གིན་ཡོད་སྟབས། ཐེངས་འདིའི་བོད་སྐྱོད་ཀྱི་དམིགས་འདུན་མངོན་འགྱུར་མ་བྱུང་གོང༌། རྒྱ་གར་མཐའ་སྲུང་བས་བཀག་འགོག་བྱས་མི་ཡོང་ངམ་སྙམ་པའི་སེམས་འཁྲལ་བྱེད་ཀྱིན་ཡོད་འདུག་ལ། དེ་མིན། ལམ་བར་ནས་རྫ་དུག་ཕོག་པའི་དབང་གིས་མི་གཉིས་ཀྱི་དྲན་པ་ཐོར་བའི་གནས་ཚུལ་བྱུང་ཡོད་འདུག གལ་སྲིད་དོན་རྐྱེན་འདྲ་བྱུང་བ་ཡིན་ན། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་གོ་སྐབས་དང་བསྟུན་ཏེ། བོད་པ་ཚོས་རང་གི་རྒྱལ་ཁབ་རྩོད་ལེན་བྱ་རྒྱུ་དེ་ཁོང་ཅག་གི་ཁ་ཆེམས་ཡིན་འདུག

 

དེ་རིང་ཞོགས་པ་ཁ་པར་བརྒྱུད་བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་ལ། ཐེངས་འདིའི་གོམ་བགྲོད་པའི་ཁྲོད་ཀྱི་མི་གཉིས་ཕྱིར་ལྡི་ལིར་ལོག་དོན་གང་ཡིན་པ་དང༌། གོམ་བགྲོད་པ་གཞན་རྣམས་ལ་ད་བར་འགོག་རྐྱེན་ཅི་ཡང་མ་འཕྲད་པར་སྐྱོད་མུས་ཡིན་སྟབས། ཕྱིར་རང་ཡུལ་དུ་ལོག་པའི་གོམ་བགྲོད་ཐེངས་གཉིས་པའི་དགོས་འདུན་དང་དམིགས་ཚད་གང་ཡིན་བཀའ་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། གོམ་གྲོད་པ་མཐའ་ཡས་རྒྱ་མཚོ་དང་བློ་བཟང་སྨོན་ལམ་གཉིས་ཕྱིར་ལྡི་ལིར་ལོག་དོན་ང་ཚོའི་ཐོག་མའི་འཆར་གཞི་ཡིན། ང་ཚོས་ལས་འགུལ་འདིར་ཐོག་མར་འཆར་འགོད་བྱས་སྐབས། གོམ་བགྲོད་པ་རྣམས་ས་མཚམས་སུ་སླེབས་མ་ཐག མི་གཉིས་ཀྱིས་ཕྱིར་གནས་ཚུལ་བསྐྱལ་ཡོང་རྒྱུ་ཐག་གཅོད་བྱས་ཡོད་ཀྱང༌།  ཉིན་འདི་གར་གོམ་བགྲོད་པ་རྣམས་ལ་ལམ་བར་གྱི་དཀའ་ངལ་དང༌། རྒྱ་གར་མཐའ་སྲུང་དམག་མིས་བཀག་འགོག་སོགས་ཀྱི་ཉེན་ཁ་ཤིན་ཏུ་ཆེ་སྟབས། གནས་ཚུལ་དུས་ཐོག་ལ་བསྐྱལ་ཡོང་བ་རེད། ཁོང་གཉིས་དེ་རིང་སྔ་དྲོ་བཞུགས་སྒར་ངྷ་སར་ཕྱིན་ཡོད། གནས་ཚུལ་ཞིབ་ཕྲ་ཁོང་གཉིས་ལ་དངོས་སུ་བཅར་འདྲི་ཞུས་ཆོག ཅེས་དང༌། ཐེངས་འདིར་ང་ཚོའི་དགོས་འདུན་གང་ཡིན་ཟེར་ན། ཕྱིར་རང་ཡུལ་དུ་ལོག་པའི་ལས་འགུལ་སྔ་མ་དང་དགོས་འདུན་གཅིག་པ་རེད། རྩ་བའི་ཆ་ནས་ཐེངས་འདིར་ང་ཚོའི་དགོས་འདུན་འདི་ཡིན་ཟེར་ནས་སྐད་ཆེན་པོ་རྒྱག་གིན་མེད། སྲོག་ཤོར་བ་དང་བཀག་འགོག་སོགས་ཀྱི་གནས་ཚུལ་ཐབས་རྡུགས་མ་བྱུང་ཚེ། བོད་ཡུལ་མདོ་དབུས་ཁམས་གསུམ་ནང་སྐོར་སྐྱོད་བྱ་རྒྱུ་དེ་ང་ཚོའི་དམིགས་ཚད་ཡིན། ཞེས་གསུངས་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “ཕྱིར་རང་ཡུལ་དུ་ལོག་པ།

  1. བློ་བཟང་རབ་དགའ།

    ལྷན་རྒྱས་སྐུ་ཁམས་བཟང་ཞིང་བསྟན་སྲིད་ཀྱི་ཐུགས་མདུན་མཐའ་དག་ལྷུན་གྲུབ་ཡོང་བ་ཤོག་་་་་་་་