བོད་རང་བཙན་གླེང་བ།

ཚེ་ཀྲོང་། ཚེ་རིང་རྒྱལ་གྱིས་བསྒྱུར།

ན་ནིང་གི་ཕྱི་ཟླ་གསུམ་པ་ནས་བཟུང་། བོད་ཀྱི་གནད་དོན་དེ་ཡང་བསྐྱར་འཛམ་གླིང་གསར་ལམ་ཁག་གི་གླེང་གཞིར་གྱུར། དེས་མ་མཐའ་ཡང་སྔར་ལས་མང་བའི་རྒྱ་རིགས་མི་མང་གིས་བོད་ཀྱི་གནད་དོན་ལ་བསམ་གཞིགས་རྣལ་མ་ཞིག་བྱེད་རྒྱུར་དགེ་ཕན་བྱུང་ཡོད། ཉེ་ལམ། ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱ་རིགས་ཉིན་རེ་བཞིན་མང་དུ་འགྲོ་གིན་ཡོད། འདི་ནི་ཏཱ་ལའི་བླ་མ་ཀྲུང་གོའི་སྲིད་གཞུང་ལ་རེ་བ་ཆུང་དུ་འགྲོ་བའི་དུས་མཉམ་དུ། ཀྲུང་གོའི་མི་དམངས་ལ་སྔར་ལས་ལྷག་པའི་རེ་བ་སྐྱེས་བཞིན་པའི་གཞི་རྩ་གཙོ་བོའང་རེད།

ཏཱ་ལས་བླ་མས་བསྐྱར་དུ་འགྲེལ་བརྗོད་གནང་དོན། ཁོ་ཚོས་རང་བཙན་རྩོད་ཀྱིན་མེད་པར་རང་སྐྱོང་ངོ་མ་རྩོད་ཀྱིན་ཡོད་པ་བསྟན་ཡོད། ཡིན་ཡང་། རྒྱ་མི་རེ་འགའ་བཤད་སྟངས་འདི་ལ་དོགས་པ་སྐྱེས་བཞིན་ཡོད། རྒྱ་མི་གྲོགས་པོ་ཞིག་གིས་བརྗོད་རྒྱུར། ཁོ་སྔོན་ཆད་དྷ་རམ་ས་ལར་སོང་མྱོང་ལ། དེ་གའི་བོད་མི་ཕལ་ཆེ་བ་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན། ཏཱ་ལའི་བླ་མའི་མིང་དོན་མཚུངས་པའི་རང་སྐྱོང་ནི་དོན་དངོས་ཐོག་རང་བཙན་གྱི་གོམ་པ་རྗེས་མ་དེ་མངོན་འགྱུར་ཡོང་ཐབས་ཀྱི་མཆོང་ཤིང་ལྟ་བུ་རེད་ཟེར། གྲོགས་པོ་འདིའི་སེམས་ངལ་ལས་རང་བཞིན་གྱིས་དྲི་བ་ཞིག་ཐོན་པ་ནི། གལ་ཏེ་བོད་མིའི་རང་བཙན་གྱི་དམིགས་ཡུལ་དེ་ལྟར་ཤུགས་ཆེ་ཞིང་། མིག་སྔའི་ཀྲུང་གུང་གི་དྲག་གནོན་གཡོལ་ཆེད་ཁ་རང་སྐྱོང་ལ་མི་སྒྱུར་ཐབས་མེད་དུ་གྱུར་པ་ཞིག་ཡིན་ཚེ། ཀྲུང་གོར་ཁྲིམས་སྲིད་ཀྱི་དམངས་གཙོ་མངོན་འགྱུར་བྱུང་རྗེས།  བོད་མིས་རང་བཙན་གྱི་དགོས་འདུན་བཏོན་པ་ཡིན་ན། ང་ཚོས་ཇི་ལྟར་བྱེད།  དྲག་ཆས་ཀྱིས་བོད་རང་བཙན་ལ་དྲག་གནོན་མི་བྱེད་ཐབས་མེད་ལ། བོད་རང་བཙན་ཀྱང་ངོས་ལེན་མི་བྱེད་ཐབས་མེད་ཡིན། དེས་ན་ང་ཚོས་ཅི་བྱས་ན་ལེགས་སམ།


གྲོགས་པོ་འདིས་བཏོན་པའི་གནད་དོན་དེ་གལ་གནད་ཅན་ཞིག་རེད་ཅེས་བརྗོད་ཆོག་ལ། ང་ཚོས་དཔྱད་སྡུར་ཞིབ་མོ་བྱེད་རན་ཡོད་པ་ཞིག་ཀྱང་རེད། ངས་ཤེས་གསལ་ལ་ཡང་བོད་མི་མང་པོས་རང་བཙན་གྱི་ལངས་ཕྱོགས་འཛིན་བཞིན་པ་དེ་དོན་དངོས་རེད། དེ་ལས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་དཔེ་མཚོན་རེད། འོན་ཀྱང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་བརྗོད་དོན་ལ་གཞིགས་ན། ཁོས་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་མོས་མཐུན་མི་བྱེད་པའི་རྒྱུ་མཚན་དེ་ནི། ད་ལྟའི་བར་པེ་ཅིང་དང་ལྷན་དུ་གྲོས་མོལ་ཐེངས་བརྒྱད་བྱས་ཟིན་མོད་གྲུབ་འབྲས་ཅི་ཡང་ཐོབ་མ་བྱུང་། དེར་བརྟེན་ཐབས་ལམ་གཞན་ཞིག་ལག་བསྟར་བྱ་དགོས་པར་བརྗོད་ཡོད།  དེ་ལས་མངོན་པ་ནི། བོད་མིའི་རང་བཙན་གྱི་དམིགས་ཡུལ་དེ་ནི་ཀྲུང་གུང་གིས་ཚད་ངེས་ཅན་ཞིག་གི་སྟེང་ནས་བསམ་བཞིན་དེ་ལྟར་གྱུར་དུ་བཅུག་པ་ཞིག་རེད། ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་ཡང་དང་བསྐྱར་དུ་ངོས་ལེན་མ་བྱས་པའི་ལན་ཆ་ཞིག་ཀྱང་རེད།

དེ་མིན་ཏཱ་ལའི་བླ་མའི་རྒྱའི་དྲུང་ཡིག་ཚེ་རྒྱལ་ལགས་ཀྱིས། བོད་སྐད་ཁྲོད་ “རང་བཙན” དང་ “རང་སྐྱོང” བར་གྱི་ཁྱད་པར་ནི་ཧ་ཅང་མག་མོག་རེད་ལ། གཞོན་སྐྱེས་མང་པོ་ཞིག་གིས་ “རང་བཙན” སྐད་འབོད་བྱེད་བཞིན་ཡོད་ནའང་། དོན་དངོས་ཐོག་དེའི་གོ་དོན་དངོས་ཤེས་མི་འདུག ཅེས་བརྗོད་པ་ནང་བཞིན། ཁོང་གི་བཤད་སྟངས་དེ་དང་ང་རང་ཉིད་ཀྱིས་རྟོག་ཞིབ་བྱས་པ་གཉིས་གཅིག་མཚུངས་རེད། ངས་བོད་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་དང་གླེང་མོལ་བྱས་པའི་ཁྲོད་ཤེས་རྟོགས་བྱུང་བར། ཁོ་ཚོས་རང་བཙན་ལངས་ཕྱོགས་ཀྱི་ནང་དོན་ནི་དོན་དངོས་ཐོག་རང་སྐྱོང་དང་ཁྱད་པར་ཆེན་པོ་མི་འདུག ཁོ་ཚོས་ཐའེ་ཝན་གྱི་མི་མང་ལྟར་རྣོ་ངར་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་བར་སྟོང་དེ་རྩོད་ལེན་དང་། རྒྱལ་སྤྱིའི་ངོས་ལེན་རག་ཐབས་བྱེད་ཀྱིན་མེད། ཁོ་ཚོས་སེམས་ཁུར་བྱེད་ས་ཆེ་ཤོས་ནི་ཁོ་ཚོ་གཞན་གྱི་སྟངས་འཛིན་དང་འགལ་རྐྱེན་གྱི་རྒྱ་ལས་ཐར་རྒྱུ་དང་། ཁོ་ཚོ་རང་ཉིད་ཀྱི་འཚོ་བའི་གོམས་གཤིས་ལྟར་འཚོ་བ་རོལ་རྒྱུ་དེ་རེད། དེ་བས་ཁོ་ཚོས་བརྗོད་བཞིན་པ་ནི་མཐའ་གཅིག་ཏུ་དེང་དུས་ཀྱི་རང་བཙན་རྒྱལ་ཁབ་ཀྱི་རྣམ་པ་དེ་མིན་ལ།  དེ་ནི་ཁོ་ཚོར་མཚོན་ན་དེ་འདྲའི་གལ་གནད་དུ་འཛིན་གྱིན་མི་འདུག

ང་ཚོས་ཤེས་གསལ་ལྟར། ལོ་རྒྱུས་ཀྱི་ངོས་ནས་བོད་དང་རྒྱ་ནག་གི་འབྲེལ་བ་དེ་ནི། ལོ་རྒྱུས་རྩོམ་པ་པོ་འདྲ་མིན་གྱིས་དཔེ་དེབ་འདྲ་མིན་བཏོན་ཡོད་ལ། བལྟས་འོང་དུས་གཅིག་མཐུན་གྱི་བཤད་ཚུལ་ཞིག་མི་འདུག སྤྱིར་བཏང་ལོ་རྒྱུས་སྨྲ་བ་དག་གིས་ལོ་རྒྱུས་ཐོག་བོད་དང་རྒྱ་ནག་གི་འབྲེལ་བ་དེ་ནི་དམིགས་བསལ་བ་ཞིག་ཡིན་པ་དང་། དེང་དུས་རྒྱལ་ཁབ་ཀྱི་བདག་དབང་མཚན་ཉིད་ཀྱིས་ཐག་གཅོད་དཀའ་བ་ཞིག་ཡིན་པ་ཁས་ལེན་བྱེད་ཀྱིན་ཡོད།  ཡིན་ནའང་།  ཕྱོགས་གཅིག་ནི་ཧ་ཅང་གསལ་བོ་ཡིན་དེ། དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་ཆེས་མ་མཐར་ཡང་ཚད་མཐོའི་རང་སྐྱོང་ལྡན་པ་ཞིག་ཡིན་པ་དེ་རེད། ༡༩༥༠ ལོར་བཅིངས་འགྲོལ་དམག་གི་བཀག་གནོན་འོག་མིང་རྟགས་བཀོད་པའི་གྲོས་མཐུན་དོན་ཚན་ ༡༧ འཇོག་སྐབས་ཀྱང་། བོད་ལ་རང་སྐྱོང་ངོས་ལེན་བྱས་ཡོད། དེང་སྐབས་ཀྲུང་གུང་གིས་ཀྱང་བོད་རང་སྐྱོང་བྱེད་རྒྱུ་དེ་ནི་བོད་ཀྲུང་གོའི་མངའ་ཁོངས་ནས་མུ་མཐུད་སྡོད་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་རྟོགས་ཡོད། དོན་དངོས་ཐོག་ཀྲུང་གུང་གིས་གཏུམ་དྲག་གི་ལམ་ནས་བོད་མིའི་རང་སྐྱོང་གི་གནས་བབ་ལ་འགལ་རྐྱེན་བཟོས་པའི་རྐྱེན་གྱིས་བོད་རང་བཙན་གྱི་འབོད་སྒྲ་དེ་སྔར་ལས་ཤུགས་ཆེར་གྱུར་བ་རེད།

གཏམ་དཔེ་ལ། གཞུང་དྲང་ལུགས་མཐུན་ཡོང་བ་ལ། ། རང་དཔེ་གཞན་ལ་ལེན་པར་གཅེས། ། ཞེས་པ་ལྟར། དེང་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་ཀྱི་གནད་དོན་གླེང་མ་ཐག  བོད་ནི་ཀྲུང་གོར་ཅི་འདྲའི་གལ་གནད་ཆེ་བ་དང་། རང་བྱུང་ཐོན་ཁུངས་དང་འཐབ་ཇུས་ཀྱི་ཐད་ནས་དོན་སྙིང་དང་རིན་ཐང་ཆེན་པོ་ལྡན་པ། མདོར་ན་ཀྲུང་གོར་བོད་མཁོ་བ་ཁོ་ན་ལས། བོད་མའི་རང་དབང་དང་། བདེ་སྐྱིད། བསམ་འདུན་གྱི་ཕྱོགས་ལ་རྩ་བ་ནས་བསམ་བློ་གཏོང་གི་མེད། གལ་ཏེ་ཁྱེད་རང་བོད་པ་ཞིག་ཡིན་པའི་དབང་དུ་བཏང་ན། སྐད་ཆ་འདི་དག་ཐོས་རྗེས་ཚོར་སྣང་ག་འདྲ་ཞིག་སྐྱེས་སྲིད་དམ། གལ་དེ་ང་ཚོ་རྒྱ་རིགས་ཀྱིས་བོད་མིས་མྱོང་བཞིན་པའི་བཙན་གནོན་མ་མཐོང་མ་ཤེས་ཁུལ་དང་། ཏཱ་ལའི་བླ་མའི་དབུ་མའི་ལམ་མ་གོ་མ་ཐོས་པ་ལྟར་བྱས་ཏེ། ཁ་བྲལ་བར་ངོ་རྒོལ་ཞེས་སྐད་ཤུགས་ཆེན་པོས་འུར་སྒྲོག་བྱས་བསྡད་ན། དེ་ནི་ཀྲུང་གུང་གིས་བོད་མིར་དྲག་རྡུང་བྱེད་པའི་རྗེས་འབྲང་སུ་གྱུར་བ་ཞིག་རེད་ལ། བསམ་བཞིན་བོད་རང་བཙན་གྱི་ལམ་དུ་དེད་པ་ཞིག་ཀྱང་རེད།



རྒྱུ་མཚན་དེ་དག་ལས་བྱུང་བའི་མཐའ་བསྡོམས་ནི། གལ་ཏེ་ང་ཚོ་རྒྱ་རིགས་ཚོས་ལྷག་བསམ་རྣམ་དག་གིས་བོད་འདི་ཀྲུང་གོའི་མངའ་ཁོངས་ནས་སྡོད་འཇུག་འདོད་ཚེ། ང་ཚོས་ངེས་པར་དུ་ཏཱ་ལའི་བླ་མའི་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་བོད་མིའི་མིང་དོན་མཚུངས་པའི་རང་སྐྱོང་དགོས་འདུན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་དགོས། ང་ཚོར་གནས་སྐབས་གློ་བུར་གྱི་རྒྱལ་ཁ་ཞིག་ཐོབ་མི་སྲིད་ནའང་། མ་མཐའ་ཡང་ང་ཚོ་དང་བོད་མིའི་བར་གྱི་ཕན་ཚུན་རྒྱུས་ལོན་དང་གདུང་སེམས་མཉམ་སྐྱེད་ཀྱི་འདུ་ཤེས་སྔར་ལྷག་གོང་འཕེལ་དུ་འགྲོ་ངེས། དེ་བཞིན་རྗེས་ཕྱོགས་བོད་ཀྱི་གནད་དོན་སེལ་བར་ཡང་རྨང་གཞི་སྲ་བརྟན་འདིང་ཐུབ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་རང་བཙན་གླེང་བ།

  1. ལ་སྟོད་བློ་བཟང་བ།

    རང་བཙན་ཞེས་ཉལ་ནས་བསྡད་དེ་རང་དོན་མྱུར་པོ་སྒྲུབ་མཁན་ཞིག་ལ་ཟེར་ན་ཁྱེད་རང་བཙན་འཐབ་རྕོད་སྨྲ་བས་དགོངས་ཚུལ་ཅི་ཡོད་་་་
    ཡང་བཙན་འབྱོལ་ནང་དུ་ལས་འགུལ་ཙག་ཙིག་སྣ་མང་སྤེལ་ནས་དེ་རྒྱ་སྤྱིའི་ཐོག་ཆ་རྒྱུས་ཤིག་མེད་ཚེ་བཙན་འབྱོལ་བས་འདོད་བློ་ཁེངས་ཨེ་ཐུབ།
    གལ་ཏེ་དེ་ལྟར་ཐུབ་ཚེ་ད་བར་དེ་རྣམས་བྱས་དང་བྱེད་མུས་རེད།