བཀའ་ཁྲི་བུད་མེད་ཅིག་གདམ་འོས་མིན་སྐོར། མ་སངས་བརྩོན་རྒྱམ།

བཀའ་ཁྲི་བུད་མེད་ཅིག་གདམ་འོས་མིན་སྐོར་གླེང་བ།

                           ངྷ་ས།  མ་སངས་བརྩོན་རྒྱམ། 

དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདི་ཧ་ཅང་གི་ཟིང་ཆ་ཆེ་ཞིང། མིའི་རྣམ་དཔྱོད་ཀྱི་ནུས་པ་འགྲན་རྩོད་བྱེད་པའི་དུས་སྐབས་འདིར་གང་ཟག་སུ་ཞིག་ཡིན་རུང་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུ་ནི་ཐོབ་ཐང་ཡིན་པས་དེ་ལ་དགག་བྱ་བྱེད་དོན་མེད་ལ་བྱེད་དགོས་པ་དེ་བས་ཀྱང་མེད། འོན་ཀྱང། བསམ་ཚུལ་དེ་རྒྱུ་མཚན་ཡང་དག་ཅིག་རེད་དམ་ནོར་བ་ཞིག་རེད། སྤྱི་ཚོགས་ཀྱི་ངོས་ནས་ཁ་གྲགས་གི་རེད། གང་ལྟར་ད་ལྟའི་སྤྱི་ཚོགས་འདིར་རྨོངས་གཉིད་ལས་སད་ནས་མ་འོངས་པ་བཀའ་ཁྲི་གསར་པ་འདེམས་སྟངས་སོགས་ཀྱི་ཐད་ལ་དགོངས་ཚུལ་མང་པོ་འབྱུང་བཞིན་པ་འདི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་པ་རྒྱལ་སྤྱིའི་གནས་ཚུལ་སོགས་ལ་གཟིགས་དང༌། ཡར་ཐོན་ཅན་གྱི་རྒྱལ་ཁབ་ཚོའི་སྲིད་འཛིན་དང་སྲིད་བློན་སོགས་གང་འདྲ་བྱས་ནས་འདེམ་གྱིན་འདུག

 

ང་ཚོས་དེ་ལ་མིག་ལྟོས་དང་བསམ་ཚུལ་ཁག་ལ་ཉམས་ཞིབ་ཀྱིས་མིའི་བསམ་བློའི་ནུས་པ་གཅིག་ཏུ་བཏོན་ནས་ཡར་ཐོན་གྱི་རྣམ་པ་ཅན་དུ་བསྒྱུར་རྒྱུ་ང་ཚོའི་འོས་འགན་ཡིན་པས། དེ་ལ་སྣང་ཆུང་མི་བྱེད་པར་དེའི་ཐད་གོ་རྟོགས་གསར་བ་དང་ཐབས་ལམ་འདྲ་མིན་སྟོན་རྒྱུ་སོགས་འབད་བརྩོན་བྱེད་དགོས་སྙམ། གཙོ་བོ་གང་ཟག་རང་ཉིད་ཀྱི་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་ཡིན་ཕྱིར་རང་ཉིད་གཞན་དབང་དུ་མ་སོང་བར་རང་གིས་བརྟག་དཔྱད་བྱས་ནས་བོད་པའི་སྤྱི་ཚོགས་འདི་ལ་ཕན་ཐོགས་པ་དང༌། བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུ་མཁན། བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་ཤར་སྐྱོད་བྱ་མཁན་ཞིག་བྱུང་ན་དེ་སྐྱེས་པ་དང་བུད་མེད་ལ་ཁྱད་པར་གང་ཡང་མེད།

 

རྒྱལ་ཁབ་གང་ཞིག་ཡིན་རུང་བརྟན་བརླིང་དང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་མི་རིགས་འདིའི་བསམ་བློའི་གོ་རྟོགས་དང་ཤེས་ཡོན་ལ་རག་ལས་ཡོད། དེའི་ཕྱིར་ཤེས་ཡོན་ཅན་དང་སྨྱུག་འཛིན་པ་ཚོའི་ཁ་ཕྱོགས་ནི་སྤྱི་ཚོགས་ཀྱི་བདེ་སྡུག་གླེང་བ་དང་མི་མང་ལ་སྣེ་ཁྲིད་བྱས་ཏེ། དེའི་འགན་དབང་ཁུར་ནས་མི་མང་གི་བསམ་བློའི་གོ་རྟོགས་ཡར་རྒྱས་ཡོང་བ་དང་ཆབ་སྲིད་ཐད་དོ་སྣང་ཡོང་ཐུབ་ཐབས་འབད་པ་དང༌། དེ་མཚུངས་གཞི་རིམ་བོད་མིའི་ཤེས་ཡོན་སྲིད་བྱུས་ལ་ཉམས་ཞིབ་བྱེད་རྒྱུ་དང་དེའི་ཐད་བསམ་བློའི་གོ་རྟོགས་གསར་བ་སྤེལ་ཐབས་གང་ཡོད་སོགས་ལ་བགྲོ་གླེང་གིས་རྒྱུས་ལོན་བྱས་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་དངོས་པོའི་དཔལ་ཡོན་དང་ནང་བསམ་བློའི་འཁྱེར་ཕྱོགས་གང་ཡིན་ཡང་དུས་རབས་ཉེར་གཅིག་པའི་མིའི་གྲལ་དུ་ཚུད་པ་བྱ་རྒྱུ་ང་ཚོའི་འོས་འགན་ཡིན། ཞེས་གསུངས་པ་བཞིན། བཙན་བྱོལ་སྤྱི་ཚོགས་འདི་ལ་མཚོན་ན་བཀའ་ཁྲི་ནི་ཆབ་དཔལ་རིག་གསུམ་གང་གི་ཕྱོགས་ནས་བལྟས་ཀྱང་ལམ་སྟོན་བྱེད་མཁན་གྱི་དེད་དཔོན་ལྟ་བུར་གྱུར་ཡོད་སྟབས། ཕན་ཚུན་ཕྱོགས་ཞེན་གྱིས་འགྲན་རྩོད་དུ་མ་སོང་བར་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་མི་རིགས་ཤིག་གི་རྩ་དོན་ཐད་གཉན་འཕྲང་ཅན་དང་སྤྱི་ཚོགས་ཀྱི་ཟིང་ཆའི་ཉེན་ཁ་དང་ཆབ་སྲིད་ཀྱི་དངངས་འཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་དེས་མ་འོངས་པར་བོད་རྒྱ་མི་རིགས་གཉིས་ལ་ཕུགས་རྒྱང་རིང་པོར་ཕན་རླབས་ཆེ་བ་དང༌། མཛའ་བརྩེའི་རྣམ་པ་ཞིག་བསྟན་ཡོད།

 

དེ་ལྟར་ཡིན་དུས་འབྱུང་འགྱུར་བཀའ་ཁྲི་ལ་གསར་རྙིང་དང་རྒན་གཞོན། སྐྱེས་པ་དང་བུད་མེད་གང་འདྲ་ཡིན་ཡང་མགོན་པོ་གང་ཉིད་ཀྱི་ཡང་དག་པའི་དགོངས་གཞི་བརྩེ་བའི་མ་ཡིས་བུ་ལ་ལམ་སྟོན་གནང་བ་ལྟར་མ་འོངས་སྔོན་གཟིགས་ཀྱིས་བོད་ཀྱིས་དཀའ་རྙོག་དེ་འཚེ་བ་མེད་པའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བཞིན་པའི་རླབས་ཆེན་གྱི་དགོངས་གཞི་ཞིག་ཡིན་པ་འཛམ་གླིང་གི་དབུ་ཁྲིད་རྣམས་དང༌། ཞི་བདེ་དང་དྲང་བདེན་ལ་དགའ་བའི་མི་མང་ཡོངས་ཀྱི་མགྲིན་གཅིག་ཏུ་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོང་གནང་གི་ཡོད་པའི་རྩ་དོན་དེ་དང་མ་འགལ་བར་འབད་བརྩོན་གནང་མཁན་ཞིག་དང་ནུས་པ་ཐོན་མཁན་ཞིག་གདམ་རྒྱུ་འུ་ཅག་གི་འགན་འཁྲི་ཡིན་པས་དེ་ད་ལྟ་ནས་ཐུགས་བསམ་བཞེས་དགོས་ཞེས་བརྗོད་འདོད་བྱུང།།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

52 thoughts on “བཀའ་ཁྲི་བུད་མེད་ཅིག་གདམ་འོས་མིན་སྐོར། མ་སངས་བརྩོན་རྒྱམ།

  1. ཁང་གསར་རྡོ་རྗེ།

    འཕྲུལ་མིག་ལགས། ཁྱེད་རང་གིས་བྲིས་པ་རྣམས་བཀླགས་ཚར་བ་ཡིན། ལེ་ཚན་འདི་དུས་ལས་ཡོལ་ཟིན་པའི་ཁོངས་སུ་ཚུད་ཟིན་སྟབས། ངས་རྩོད་ལན་མི་འབྲི། བཀའ་ཁྲིའི་མཛད་རྗེས་སྐོར་ལ་མ་འོངས་པར་བགྲོ་གླེང་བྱེད་ས་མང་པོ་ཡོང་བར་ངེས། དེ་དུས་མཇལ་ཡོང་།

  2. ལན་མགྱོགས་པོ་རྒྱག་མ་ཐུབ་པ་ལ་དགོངས་དག་ཞུས་པ་ཡིན་དེང་སང་ང་ཛ་དྲག་གི་ལས་ཀའི་རྐྱེན་ཀྱིས་དྲ་ཐོག་ལ་ཞེ་དྲག་ཡོང་གི་མེད་པས་ཡིན།

  3. དྲ་གྲོགས་ཁང་རྡོར་ལགས། ཉིད་ཀྱིས་ལན་ལྷུག་པོ་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་ངས་རྗེ་བཙུན་པདྨ་མཆོག་ལ་མཛད་རྗེས་མི་འདུག་ཅེས་ལབ་རྒྱུ་མ་བྱུང་ལ་དེ་འདྲ་ཞིག་སེམས་ལའང་དྲན་མ་མྱོང། མོའི་འཇོན་ཐང་གི་ཆ་ནས་བཀའ་ཁྲི་དང་གཏན་ནས་བསྡུར་ཐབས་མེད་ཟེར་གྱིན་ཡོད། ཁྱེད་ཀྱིས་མོ་བཀའ་ཁྲི་ལས་འཇོན་ཐང་ཆེ་བའི་སྒྲུབ་བྱེད་ལ་མོའི་བསྟོད་གླུ་ཞིག་གཞིས་བྱེས་གཉིས་ལ་ཁྱབ་པ་དང། མོ་ལ་བསྟོད་པའི་རྩོམ་ཡིག་ཆིག་སྟོང་ལྔ་བརྒྱ་ཁྱོད་ཀྱི་ལག་ཏུ་ཡོད་པ་དེ་བཀོད་ན་དེ་ནི་གནད་ལ་མ་རེག་པའི་རྒྱུ་མཚན་ཕྱོགས་རེ་བ་ཞིག་རེད། དུང་ཞེན་གྱིས་བཟི་བའི་སློབ་བུ་འགས་བསྟོད་རྩོམ་ཐར་ཐོར་རེ་ཡོད་པ་དང་། ཅལ་འགྲོག་ལ་དགའ་བའི་གཞས་པ་འགས་བསྟོད་གླུ་རེ་བླངས་པས་འཇོན་ཐང་ཅན་ཞིག་དང་བྱས་རྗེས་ཅན་ཞིག་ཏུ་སྒྲུབ་མི་ཐུབ་པ་མ་ཟད བླུན་པོ་ངོ་མཚར་སྐྱེ་བ་ལ་ཧང་སང་ན་གླེན་རྟགས་དང་། མཁས་པ་མགུ་བ་སྐྱེད་པ་ལ་ཆ་བཞག་ན་དཔྱོད་ལྡན་གྱི་རྟགས་མཚན་ལ་བརྩི་འོས་པར་སྣང་བས་༸གོང་ས་མཆོག་གིས་ཛ་དྲག་གི་དུས་སྐབས་འདི་འདྲར་ང་ཕྱི་ལོག་ལ་འགྲོ་བསྐྱོད་བྱས་ནས་བསྡད་ཆོག་པ་དེ་བླ་རྒན་མགོ་དཀར་བོ་དེའི་བཀའ་དྲིན་ཡིན་གསུངས་པ་དེར་བསྟོད་རྩོམ་དང་བསྟོད་གླུ་འབུམ་ཕྲག་གིས་ཀྱང་མི་འགྲན་པ་དེ་མཁྱེན་དགོས། ཕྱོགས་གཅིག་ནས་བཤད་ན་ང་ཚོའི་མི་རིགས་འདི་རྨོངས་དད་ཀྱིས་བཟི་བའི་མི་རིགས་ཁྱད་མཚར་ཞིག་ཡིན་པས་ཀྱང་རེད། ཅིའི་ཕྱིར་ཞེ་ན། ༸གོང་ས་མཆོག་གི་གཅུང་མོ་ཡིན་པས་གཞས་པ་ཞིག་ཡིན་ནའང་མོ་ལ་བསྟོད་གླུ་ལེན་འདོད་དང་། རྩོམ་པ་པོ་ཞིག་ཡིན་ན་ཡང་མོ་ལ་བསྟོད་པ་འབྲི་འདུན་ཟབ་མོ་ཡོད། དཔེར་ན་མོ་སྔོན་མ་བོད་གཞུང་གི་སྐུ་ཚབ་བྱས་ནས་བོད་ལ་ཕེབས་དུས་ས་གནས་མང་ཆེ་བར་མང་ཚོགས་ཀྱིས་ཁ བཏགས་བཟུང་། ཕྱག་འཚལ། ངུ་འབོད་བྱས་ཏེ། རླངས་འཁོར་ལ་མཇལ་ནས་ཕེབས་ལམ་མ་རེག་པ་དེ་འདྲ་མང་བོ་བྱུང་བ་རེད། དེ་ནི་གཞིས་ལུས་རྒྱ་ཆེས་མི་མང་གི་འདི་ཕྱིའི་སྐྱབས་གནས་ངོ་མ་དེ་༸གོང་ས་མཆོག་ཡིན་པ་དང་། ཁོང་ཚོ་ལ་༸གོང་ས་མཆོག་དྲན་པའི་གདུང་བ་དང་། ཁོང་ལ་མཇལ་འདོད་ཀྱི་འདུན་པ་མེ་རི་ལྟར་འཕྱུར་གྱིན་ཡོད་པས། ཁོང་གི་གཅུང་མོ་ཕེབས་དུས་དེ་ལྟར་བྱས་པ་ལས་དེ་མོའི་འཇོན་ཐང་ལ་བརྩིས་ན་རྩ་ནས་མི་འགྲིག འོན་ཀྱང་མོས་བོད་ཕྲུག་མང་པོ་ཞིག་སྐྱེད་སྲིང་བྱས་པ་བདེན་ཡང་དེ་ཚོར་ཝ་ན་མཐོ་སློབ་སོགས་ནས་ཟབ་སྦྱོང་མ་རེག་ན་རང་གི་སྐད་ཡིག་གི་ཐོག་ནས་རྒྱུན་སྤྱོད་ཀྱི་འཕྲིན་ཡིག་དང་དགོངས་ཤོག་ཙམ་ཡང་དག་གཙང་ཞིག་འབྲི་མི་ཐུབ། དེ་ལས་གཞན་པའི་སྲོལ་རྒྱུན་རིག་གཞུང་གི་རྨང་གཞི་ལྟ་ཅི་སྨོས། ཁོང་ཚོ་ལ་ཡོད་པ་ནི་དབྱིན་ཅིའི་སྐད་ཡིག་གི་ཐོག་ནས་ཟ་སྐོར་འཐུང་སྐོར་ཅིག་ཤེས་པ་དེ་རེད། དེའི་ཐོག་ལའང་འབུར་ཐོན་གྱི་བྱས་རྗེས་ཅན་ཞིག་ཡོད་པ་གོ་མ་མྱོང། སློབ་གསོ་ཁ་ཕྱོགས་ནོར་འཁྲུལ་ཅན་དུ་སོང་བས་ཁོང་ཚོ་ལ་རང་གི་རིག་གཞུང་ལ་དུང་བ་མེད་པ་མ་ཟད་ད་ལྟའི་མི་རིགས་ཀྱི་ཛ་དྲག་གི་གནས་སྟངས་ལ་བསམ་བློ་གཏོང་ཤེས་མཁན་ཡང་སྲིད་མཐའ་ཙམ་དུ་སྣང། བཙན་བྱོལ་བོད་གཞུང་གི་སློབ་ཕྲུག་ཚོའི་སློབ་སྦྱོང་གི་ཁ་སྟབས་འདི་ལྟར་ཞན་པ་དང་། རང་གི་སྐད་ཡིག་གི་ཤེས་ཚད་བཙན་འོག་གི་བོད་ཕྲུག་ཚོ་ལས་ཀྱང་ལྡབ་འགྱུར་གྱིས་སྐྱོ་བ་འདི་བོད་ཁྱིམ་སློབ་གྲྭ་ཁག་དང་ཐད་ཀར་འབྲེལ་བ་ཡོད་བས། དེའི་སྐོར་དེ་བཟང་ངན་ཆ་འདྲེས་སུ་གནས་པའི་གྲུབ་འབྲས་སྤྱིར་བཏང་བ་ཞིག་ལས་ཁྱད་འཕགས་ཀྱི་བྱས་རྗེས་ཞིག་ལ་ངོས་འཛིན་བྱས་ན་མི་འོས། ཤེས་ཡོན་སྲིད་ཇུས་དེ་ལམ་ལ་མ་སོང་ཟེར་བ་དེ་ཡང་ཤེས་ཡོན་སྲིད་ཇུས་མ་འགྲིག་པ་མིན་པར་དེ་བེད་སྤྱོད་གཏོང་སའི་ཁོར་ཡུག་སློབ་གྲྭ་ཁག་དང་། མོ་ལྟ་བུའི་འགན་འཛིན་ཚོས་དབུ་འོག་དཔུང་འདེགས་མ་བྱས་པས་སྐྱོན་རེད། བཀའ་ཁྲི་མཆོག་གི་ཟླ་མེད་ཀྱི་མཁྱེན་དཔྱོད་དང་། ཁྱད་འཕགས་ཀྱི་གཤིས་སྤྱོད་ལ་བཙན་བྱོལ་བོད་མི་སུས་ཀྱང་འགྲན་མི་ཐུབ་པ་ཁྱོད་ཀྱིས་ཀྱང་ཤེས། མཛད་རྗེས་ཀྱི་ཆ་ནས་བཤད་ནའང་དངོས་གནས་ཧང་སང་དགོས་ཡག་རེད། རྒྱལ་ཁབ་གཞན་གྱི་ལས་གནས་དང་གོ་ཐོབ་དེ་འདྲའི་ཡག་པོ་ཞིག་རེག་མཁན་གྱི་མི་གཞན་ཞིག་ཡིན་ན་དེ་ནས་བསྡད་ན་ཕན་ཐོག་ཆེ་རབས་བཤད་དེ་འུ་ཚང་ལ་ཁ་ཡ་མི་བྱེད་པ་ལྟ་ཅི་སྨོས། ཁོའི་ལས་གནས་དེ་བཞག་ནས་རྡ་སར་སླེབས་པ་ནི་ཁོས་རྟ་བཞག་ནས་བོང་བུ་ཞོན་པ་དང་མཚུངས་ཞེས་གསུང་སྐད་ཤོར་ཡོད་ཁག་ཅི་ཡོད་བདེན་པ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་བརྩེ་བས་མ་དོར་ནས་བཞུགས་པ་རེད། འདི་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད། ཁོང་གིས་སྐུ་སྲོག་གཏའ་མར་བཞག་སྟེ། མིའི་ཚེ་སྲོག་ལ་རྩེད་ཆས་ཀྱི་འདུ་ཤེས་ལས་མེད་པའི་དོལ་རྒྱལ་ཚོགས་པ་དང་། མི་ལ་ཚེ་སྲོག་གིས་འཇིགས་སྣང་བསྐུལ་ཏེ་ལྐོག་ཟ་རུལ་སོང་ལ་གོམས་པའི་ཟ་འདྲེ་ཚོའི་ཁ་གཏད་དུ་ལངས་པ་རེད། བློ་གླིང་ཚོགས་ཁང་སྒོ་འབྱེད་སྐབས་སུ་དོལ་རྒྱལ་སྐོར་ལ་བཀའ་སློབ་དོན་སྙིང་ལྡན་པ་གང་འདྲ་ཞིག་གནང་སོང་མི་ཚང་མ་མིག་ཆུ་ཤོར་དགོས་པའི་བཀའ་སློབ་དེ་འདྲ་གནང་སོང་། དེའི་སྐོར་དེ་དངོས་གནས་བྱས་ན་གདན་སའི་མཁན་པོ་མཁན་ཟུར་ཚོའི་བགོ་སྐལ་དུ་ལུས་ཡོད་ན་ཡང་ཁོང་ཚོའི་ནང་ན་དེ་འདྲ་གསུངས་མཁན་སུ་འདུག མང་ཆེ་བས་མགོ་བདེ་འཁྲབ་ནས་བསྡད་ཡོད་པ་ཨེ་ཤེས། བོད་གཞུང་གི་གཞུང་ཞབས་མང་ཆེ་བ་ཡང་དེ་ལྟར་རེད། ཁོང་ཚོའི་ནང་ན་དེ་འདྲ་བཤད་ཐུབ་མཁན་སུ་འདུག ཁོང་ཚོས་བཤད་མ་ཤེས་བ་མ་རེད། འདི་ཚོ་ལ་ཞིབ་ཕྲ་བསམ་བློ་བཏང་དུས་ཁོང་གི་སྐུ་དྲིན་དང་མཛད་རྗེས་དེ་དངོས་གནས་བློ་ཡུལ་ལས་འདས་པ་རེད།