དབྱར་རྩྭ་དགུན་འབུའི་གོང་འཕར་བ།

གསར་འགོད་པས་བོད་ལྗོངས་ཡུལ་སྐོར་ཚོང་ར་རུ་རྟོག་ཞིབ་བྱས་ནས་ཤེས་གསལ་ལྟར་ན། གནམ་གཤིས་དང་ཡུལ་སྐོར་བ་གློ་བུར་ཇེ་མང་དུ་ཕྱིན་པར་བརྟེན། བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་གོང་དེ་ཟླ་ཕྱེད་སྔོན་དུ་རྒྱ་མ་རེར་སྒོར་ཁྲི་ ༢ ནས་ཁྲི་ ༦ ཡིན་མོད། ད་ཆ་སྒོར་ཁྲི་ ༤ནས་ ༡༠བར་འཕར་ཡོད་པ་རེད་ཟེར།

དབྱར་རྩྭ་དགུན་འབུའི་ཚོང་གཉེར་ནས་དུས་ཡུན་རིང་བོ་སོང་བའི་ཚོང་བ་ཞིག་གིས་བཤད་པ་ལྟར་ན། ད་ལོའི་དབྱར་ཁ་སླེབས་པ་དང་ཆར་ཆུ་ཇེ་ཉུང་དང་། ནམ་ཟླ་ཚ་བ་ཇེ་ཆེར་ཕྱིན་ནས་བོད་ལྗོངས་སུ་ཐན་པ་འབྲིང་ཙམ་བྱུང་བ་དང་། ལྷག་པར་དུ་དབྱར་རྩྭ་དགུན་འབུ་ཐོན་བཞིན་པའི་ནག་ཆུ་དང་། ཆབ་མདོ། ཉིང་ཁྲི་སོགས་སུ་ཆར་ཆུ་མངོན་གསལ་དུ་ཇེ་ཉུང་དུ་གྱུར་ཡོད་ལ།  ཆར་ཆུ་ཉུང་བའི་གནས་ཚུལ་འོག་དབྱར་རྩྭ་དགུན་འབུ་སྐྱེ་མི་ཐུབ་པས། ད་ལོའི་དབྱར་རྩྭ་དགུན་འབུའི་ཐོན་འབོར་ནི་ནམ་རྒྱུན་ལས་བཅུ་ཆའི་གསུམ་ནས་ལྔའི་བར་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།

 ལྷ་སའི་རྡོ་སེང་གེའི་ལམ་དུ་དབྱར་རྩྭ་དགུན་འབུའི་ཚོང་ཁང་ཞིག་ཕྱེ་ཡོད་པའི་སྐུ་ཞབས་ཨོའུ་དབྱང་གིས་བཤད་པ་ལྟར་ན། ཉེ་ལམ་དབྱར་རྩྭ་དགུན་འབུའི་གོང་འཕར་བའི་རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་དབྱར་རྩྭ་དགུན་འབུའི་ཐོན་འབོར་ཇེ་ཉུང་དུ་ཕྱིན་པ་དང་། གཞན་ཞིག་ནི་ཡུལ་སྐོར་དུས་བཟང་སླེབས་པས་ཉོ་མཁན་མངོན་གསལ་དུ་ཇེ་མང་དུ་ཕྱིན་པས་རེད།

ཁོང་གིས་འདི་ལྟར། ན་ནིང་ “༣·༡༤” དོན་རྐྱེན་གྱི་ཤུགས་རྐྱེན་འོག་ཡུལ་སྐོར་བ་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན་ཞིང་། དབྱར་རྩྭ་དགུན་འབུའི་གོང་ཆག་པ་དང་། སྐབས་དེར་དབྱར་རྩྭ་དགུན་འབུ་ཆེས་ལེགས་ཤོས་རྒྱ་མ་རེའི་གོང་སྒོར་ཁྲི་ ༦ ཡས་མས་ཡིན་མོད། ད་ལོའི་ཟླ་ ༤ བར་བོད་ལྗོངས་སུ་ཡུལ་སྐོར་སླར་གསོ་བྱུང་བ་དང་བསྟུན་ནས། ཡུལ་སྐོར་བ་ཇེ་མང་དང་། དབྱར་རྩྭ་དགུན་འབུའི་ཐོན་འབོར་ཇེ་ཉུང་དུ་ཕྱིན་པས། ཉོ་མཁན་གྱི་དགོས་མཁོ་སྐོང་མི་ཐུབ་པའི་གནས་ཚུལ་བྱུང་ནས་རིན་གོང་འཕར་བ་རེད་ཅེས་བཤད་བྱུང་།  

བོད་ལྗོངས་ཡུལ་སྐོར་ཅུད་ཀྱི་སྡོམ་རྩིས་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་ལྔ་བའི་བར། བོད་ལྗོངས་ཀྱིས་ཡུལ་སྐོར་བ་ཁྲི་ ༧༢་༠༢ ལ་སྣེ་ལེན་བྱས་ཤིང་། ལོ་རྒྱུས་སྟེང་ཡུལ་སྐོར་བ་སྣེ་ལེན་བྱས་པ་ཆེས་མང་བའི་ ༢༠༠༧ ལོའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་ ༧་༠༩ འཕར་ཡོད་པ་རེད།

དབྱར་རྩྭ་དགུན་འབུ་ནི་རྩ་ཆེའི་སྨན་རྫས་ཀྱི་རིན་ཐང་ཆེན་པོ་ལྡན་ཞིག་ཡིན་ཞིང་། ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོ་སྤང་ལྗོངས་དང་འབྲོག་ས་སོགས་སུ་ཐར་ཐོར་སྐྱེ་ཡི་ཡོད། སྨན་རྩྭ་འདི་གཙོ་ཆེ་བ་བོད་ནང་སྐྱེ་ཞིང་། དེ་ ཡང་རྒྱ་མཚོའི་ངོས་ནས་སྨི་༤༣༠༠ནས་༥༠༠བར་གྱི་ས་བབ་མཐོ་སར་སྐྱེ་ཡི་ཡོད་པ་ འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག དབྱར་རྩྭ་དགུན་འབུ་ནི་དོན་ དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཞིག་ཡིན་ཅིང་། དེ་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། “ལོ་ གཅིག་ལ་སྐྱེ་བའི་རྩྭ་རིགས་ཏེ་ཐོག་མར་དགུན་དུས་འབུ་མེ་ལྕེ་བ་ཕྱེ་ལེབ་རིགས་ ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་ སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པ་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ལྟར་བ་ལ། ལྟག་པའི་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སྨི༠.༠༥ནས་༠.༠༦ཙམ་ཟིན་པ་སའི་ནང་ཐད་ཀར་ཟུག་པ་དང་། ཟླ་ ༥ནས་༦པར་ས་ངོས་སུ་སྡོང་པོ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོང་རིང་ཚད་སྨི་༠.༠༣ནས་༠.༠༦ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་ འདྲ་བས་ཕལ་གྱིས་བེའུ་ར་ཞེས་ཟེར་ཡང་དོན་དུ་ཤ་མོའི་རིགས་ཡིན། དེ་རིམ་བཞིན་ཆེ་རུ་རྒྱས་པ་དང་། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ཕྱིན་ནས་ཟླ་བ་༧པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་བ”སོགས་གསལ་འདུག  དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་ཡོད་པའི་སྨན་རྩྭ་ཞིག་ཡིན་ཡང་། སྤྱི་ཚོགས་ནང་དཔལ་འབྱོར་གྱི་རིན་ཐང་ལྡན་ཡོད་པ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་དུ་གཞི་ནས་ཤེས་རྟོགས་དང་དར་སྲོལ་བྱུང་བར་མངོན། དེ་ནས་ལོ་ལྟར་ཕྱི་ཟླ་༤ནས༧བར་ལ་བོད་རིགས་ཞིང་འབྲོག་མི་མང་ཆེས་མང་པོས་སྨན་རྩྭ་རྩ་ཆེན་འདི་རྐོ་རུ་རི་ཀླུང་དང་། སྤང་གཤོང་སོགས་ལ་ཉིན་མཚན་བསྒྲིལ་ནས་ཟླ་བ་ཁ་ཤས་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང་། ཁྱིམ་ཚང་འགའ་ཤས་ཀྱི་ནང་མི་ཚང་མ་རྐོ་རུ་འགྲོ་ཡི་ཡོད། དབྱར་རྩྭ་དགུན་འབུ་རྐོ་བ་དང་ཉོ་ཚོང་བྱས་པར་བརྟེན་ནས་བོད་རིགས་འབྱོར་ལྡན་ཆགས་མཁན་གང་མང་བྱུང་ཡོད། དབྱར་ རྩྭ ་དགུན་འབུ་ནི་བོད་ཀྱི་ས་གཤིས་བཟང་ས་དང་ཐོན་ཁུངས་ཡོད་ས་མང་ཆེ་བར་ཡོད་པ་དང་། འདི་རྐོ་དུས་སྔོ་ལྗང་ཅན་གྱི་སྤང་གཤོང་མང་པོ་ས་དོང་དྲོས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་སྤང་དང་རྩྭ་ཐང་ཆེས་མང་པོ་ཉམས་རྒུད་འགྲོ་ཡི་ཡོད། དཔེར་ན་དབྱར་རྩྭ་དགུན་འབུ་རྐང་གཅིག་རྐོ་དགོས་ན་སྤང་ལ་སྨི་གསུམ་ཙམ་རྐོ་སློག་དགོས་ཀྱི་ཡོད། རྩ་ཆེའི་སྨན་རྩྭ་འདི་རིགས་ཚད་ལས་བརྒལ་བ་སྔོག་འདོན་བྱས་པའི་རྐྱེན་གྱིས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་དང་། ལྷག་པར་དུ་རྨ་ཆུ་དང་། རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དུ་ཡོད་པའི་དབྱར་རྩྭ་དགུན་འབུ་ནི་ཆེས་ཡག་ཤོས་སུ་བརྩི་ཡི་ཡོད་ཅིང་། ཆུ་བོ་འདི་གསུམ་གྱི་རྒྱུད་དུ་གནས་པའི་མི་འབུམ་གཅིག་ལྷག་གིས་ལོ་རེར་སྨན་རྩྭ་འདི་སྔོག་འདོན་བྱེད་ཀྱི་ཡོད་པས། ཆུ་ལོག་བརྒྱབ་པའི་གནས་ཚུལ་མང་པོ་ཡོང་སྟེ་འགྲོ་བ་མི་གཙོས་པའི་སེམས་ཅན་མང་པོ་འཚོ་གནས་ལ་གནོད་འཚེ་ཡང་ཡོང་གི་ཡོད།

 སྐྱེ་ཁམས་རིག་པ་བ་ཚོས་དབྱར་རྩྭ་དགུན་འབུ་རྐོ་རྒྱུ་ལ་དོ་དམ་མ་བྱས་ན་འབྱུང་འགྱུར་ རང་བྱུང་ཁམས་ལ་ད་ལྟ་ལས་ལྷག་པའི་གནས་ཚུལ་ཚབས་ཆེན་ལྷགས་རྒྱུ་ཡིན་པ་ཚོད་དཔག་ བྱེད་ཀྱི་ཡོད། ལྷག་པར་དུ་བོད་རིགས་ནང་ཁུལ་ཡུལ་སྡེ་དང་མི་སྒེར་བཅས་ཀྱི་བར་མི་འཆམ་པའི་གནད་དོན་འབྱུང་རྩ་ཞིག་ཀྱང་ཆགས་ཡོད་ལ། དབྱར་རྩྭ་དགུན་འབུ་གནའ་དུས་བོད་ཀྱི་སྲོལ་རྒྱུན་སྨན་རྫས་ནང་མ་གཏོགས་བེད་སྤྱོད་མེད་ཅིང་། དེང་དུས་ཚན་རིག་ཤེས་བྱ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཕྱི་ལུགས་སྨན་དང་བྱུག་རྫས་སོགས་ནང་ཆེས་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཕན་ནུས་ཡང་ཆེན་པོ་ཐོན་ཡོད་པས། ཁྲོམ་རའི་ཐོག་རིན་གོང་ཆེས་ཆེན་པོ་ཆགས་ཡོད་པ་རེད།

གསར་འགྱུར་འདི་ནི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པ་ལས་དྲངས།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply