བཀའ་ཁྲིའི་འོས་གཞི་ཞིག་བརྙེད་སོང་། ལུང་རིགས་རྒྱལ།

ལོ་སྔོན་མའི་ཞི་རྒོལ་གྱི་རྗེས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཡོངས་སུ་བགྲོ་གླེང་ཆེ་ཤོས་ཤིག་ནི་སྐབས་རྗེས་མའི་བཀའ་ཁྲིའི་སྐོར་རེད། མི་མང་པོ་ཞིག་གིས་འདིའི་ཐད་རང་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་བགྲོ་གླེང་གནང་བཞིན་པ་ནི་ངོ་མ་ཡིད་དུ་འོང་པ་ཞིག་རེད།

ལྷག་པར་དུ་བར་སྐབས་ཤིག་ནས་དྲ་ཐོག་གི་བགྲོ་གླེང་དེ་དག་ཀྱང་གུ་ཡངས་པོ་དང་། གུས་བརྩི་ཡོད་པ། གོ་རྒྱུ་ཡོད་པའི་ཕྱོགས་སུ་འཕེལ་གྱིན་པ་ནི་ང་ཚོའི་ང་རྒྱལ་མིན་པར། གཟི་བརྗིད་དུ་འགྲོ་བར་འདོད་ལ། ང་ཚོས་མུ་མཐུད་ནས་བློ་ཁ་ཡངས་པོར་ཕྱེ་སྟེ་རིག་པའི་རྩལ་སྡུར་བཞིན་འགྲོ་དགོས།

དེ་རིང་ངས་རང་གིས་བརྙེད་པའི་བཀའ་ཁྲིའི་འོས་གཞི་དེ་བསྒྲགས་འདོད་བྱུང་། ཡིན་ཡང་། འོས་གཞི་མ་བསྒྲགས་གོང་དུ་ཁོང་གི་འོས་ཆོས་ལས་འཕྲོས་པའི་གནས་ལུགས་འགའ་ཤས་སྔོན་གླེང་གི་ཚུལ་དུ་བཤད་འདོད་བྱུང་། མི་ཚང་མས་བཀའ་ཁྲིའི་འོས་གཞི་རྩོད་སྐབས་འཐད་ཕྱོགས་ཀྱི་ཐ་སྙད་བཀོལ་བ་མང་ཤོས་ནི་ལོ་གཞོན་དང་བུད་མེད་གཉིས་རེད། འོས་ཆོས་ཀྱི་རྩ་བའི་ཆ་རྐྱེན་ཡང་ལོ་གཞོན་དང་བུད་མེད་ཡིན་མིན་ལ་ཐུག་དགོས་པ་དང་། དེའི་རྗེས་ནས་འོས་ཆོས་གཞན་དག་བགྲང་གི་ཡོད་པ་ལྟར་སྣང་། གལ་སྲིད་ང་ཚོས་འདི་ལྟར་བཀའ་ཁྲིའི་འོས་གཞི་བཙལ་ཚེ་མི་རྣམས་ཀྱི་མིག་གཞོན་སྐྱེས་ཀྱི་ནང་དུ་ཤོར་ཏེ་གཞོན་སྐྱེས་མིན་པའི་འོས་གཞི་གཞན་པ་བརླག་རྒྱུའི་ཉེན་ཁའང་མཐོང་གི་འདུག

ངའི་བསམ་ཚུལ་ཡིན་ན། གལ་སྲིད་ང་ཚོས་དེ་རིང་ཆོས་བྱེད་ཀྱི་སྐྱེ་བུ་ཞིག་རང་གི་རྩ་བའི་བླ་མར་འདེམ་གིན་ཡོད་ན་ཆོས་པ་རྣམ་དག་ཅིག་འདེམ་ངེས་པ་ནི་སུ་ལའང་དོགས་པ་མེད། དེར་བརྟེན། སྲིད་ཀྱི་ལས་ཀ་བྱེད་མཁན་ཞིག་ང་ཚོའི་དབུ་ཁྲིད་ལ་འདེམ་ནའང་ཆབ་སྲིད་ཀྱི་མིག་རྒྱང་ཡོད་མཁན་ (A man with a political vision) ཞིག་འདེམ་དགོས་པ་ནི་གནས་ལུགས་གཅིག་མཚུངས་ཡིན་པར་འདོད། དེ་བས་ལོ་ཚོད་ཀྱི་ཆ་རྐྱེན་དེ་ནི་གནད་ཆེན་པོར་མ་རྩིས་ན་ལེགས་པར་འདོད་ཡོད།

ལངས་ཕྱོགས་མ་ཡིན་པར་སྲིད་བྱུས་ཀྱི་ཆ་ནས་བཤད་ནའང་། མ་འོངས་པར་བཀའ་ཁྲིར་སུ་བསླེབ་ནའང་ད་ལྟའི་སྲིད་བྱུས་འདི་ལག་བསྟར་བྱེད་དགོས་པ་ནི་གནས་སྟངས་ཀྱིས་ཐག་བཅད་ཡོད་པ་རེད། ངའི་ཤེས་ཚོད་ལ། དེང་སྐབས་ཤར་ནུབ་གང་དུའང་ཕྱི་འབྲེལ་སྲིད་བྱུས་ཀྱི་ཆ་ནས་རྣམ་པ་གསུམ་མཐོང་གི་ཡོད། དེ་དག་ནི་མཁྲེགས་འཛིན་ Hard Power དང་། ཞི་འཇམ་ Soft Power། ཞི་དྲག་ཟུང་འབྲེལ་ Smart Power བཅས་རེད། རྒྱ་ནག་གིས་ཅང་ཙེ་མིན་གྱི་སྐབས་ནས་བཟུང་ Soft Power ཞེས་པ་འདི་དངོས་སུ་ལག་བསྟར་བྱེད་ཀྱིན་པ་ཁྱབ་བསྒྲགས་བྱས་པ་ནི་ངས་དྲན་གྱི་འདུག སྲིད་བྱུས་འདིའི་འོག་ནས་ཁོང་ཚོས་ཐ་ན་ཁྱིམ་མཚེས་རྒྱལ་ཁབ་དག་གི་དཀའ་རྙོག་ལའང་ལག་པ་མི་འཆང་བར་ཞི་འཇམ་གྱི་རྣམ་འགྱུར་བསྟན་པ་དང་། དམིགས་ཡུལ་གཙོ་བོ་ནི་ཟིང་ཆ་མེད་པའི་སྒོ་ནས་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་བརྒྱག་རྒྱུ་དེ་རེད། དེ་རིང་རྒྱ་ནག་འདི་སྟོབས་ཆེན་རྒྱལ་ཁབ་ཀྱི་གྲས་སུ་ཚུད་པའང་སྲིད་བྱུས་འདིའི་དབང་གིས་རེད། ཨ་རི་ལྟ་བུ་ཡིན་ན། ད་ལོར་ལྕམ་ཁི་ལིན་ཊོན་གྱིས་གྲོས་ཚོགས་གོང་མའི་ཉན་ཞིབ་གཏམ་བཤད་སྐབས་སུ། ཨ་རིའི་ཕྱི་འབྲེལ་སྲིད་བྱུས་ནི་ Smart Power ཞི་དྲག་ཟུང་འབྲེལ་ཡིན་པར་བསྒྲགས་པ་རེད། འདིའི་རྒྱུ་མཚན་ནི་ཨ་རིས་དེང་སྐབས་དམག་འཁྲུག་གཉིས་ད་དུང་མཇུག་སྒྲིལ་ཐུབ་ཡོད་པ་མ་རེད་ལ། བྱང་ཀོ་རི་ཡ་དང་ཨི་རན་ལྟ་བུ་དམག་འཁྲུག་གི་གྲ་སྒྲིག་བྱེད་སའི་ལུང་པའང་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ནི་ Soft Power རེད། འདི་ནི་སྐུ་མདུན་གྱི་བླ་ན་མེད་པའི་ཐུགས་དགོངས་དང་། བོད་རྒྱ་མི་རིགས་གང་ཡིན་རུང་འཐབ་རྩོད་འདིའི་བརྒྱུད་རིམ་ཁྲོད་འདོར་མི་རུང་བའི་རྩ་དོན་ཆགས་ཡོད་པ་རེད། དེར་བརྟེན་བཀའ་ཁྲི་རྗེས་མ་སུ་བསླེབ་ནའང་སྲིད་བྱུས་འདི་ནི་ང་ཚོའི་རྩ་བའི་ལྟ་གྲུབ་ཅིག་ཆགས་ཡོད་སྟབས། རྒན་གཞོན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་དབྱེ་བ་མེད་པར་གཅིག་མཚུངས་ཡིན་པར་འདོད།

ཡིན་ཡང་། ང་ཚོར་སྲིད་དོན་གྱི་མིག་རྒྱང་ཞིག་དགོས་པ་རེད། རང་བཙན་དང་། རང་སྐྱོང་། རང་ཐག་རང་གཅོད་བཅས་རེད། འདི་དག་ཡོད་ཚད་ང་ཚོས་ད་བར་དུ་གླེང་བ་རེད། ང་རང་ལ་མཚོན་ན་གལ་སྲིད་ཉི་མ་ཞིག་ལ་བོད་དོན་འདི་ཐག་གཅོད་དགོས་ན་པེ་ཅིན་དང་ངྷ་ས་གཉིས་ཀྱི་གང་ཡིན་རུང་བོད་མི་རིགས་ཀྱི་རང་ཐག་རང་གཅོད་ཀྱི་རྩ་དོན་འདི་འདོར་གི་མ་རེད་བསམ། འདི་ནི་རྒྱལ་སྤྱིའི་ཁྲིམས་ཀྱིས་ངོས་ལེན་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་གཞུང་ལུགས་ཀྱིས་ཀྱང་ངོས་ལེན་ཡོད་པ་ཞིག་རེད། དེ་བས་ངས་ནི་མ་འོངས་པའི་བཀའ་ཁྲི་དེ་འཚོལ་སྐབས་གནད་དོན་འདིའི་རིགས་ལ་བསམ་བློ་གཏོང་གི་ཡོད། ད་ལྟའི་ཆར་འདིའི་ཕྱོགས་ནས་ང་ལ་འོས་གཞི་ཞིག་རག་པ་ནི་བཀའ་བློ་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཡིན།

ངས་ལོ་ཤས་གོང་དུ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་བཀའ་འདྲི་ཞུ་མྱོང་ལ། ཁོང་གིས་ད་ནི་གངས་སྐྱིད་དུ་ཡོང་ནས་ལས་ཀ་བྱེད་པ་ལས་ཕྱི་ལོགས་ནས་ལས་ཀ་བྱས་ན་ཕན་ཐོགས་འདུག་ཅེས་གསུངས་བྱུང་། འོན་ཀྱང་། ཉེ་ཆར་མཐོ་རིམ་གྱི་མི་སྣ་ཞིག་བརྒྱུད་ནས་གོ་དུས། ཁོང་གི་སྐུ་ཟླས་ཀྱང་ད་ནི་གངས་སྐྱིད་ནས་ཕྱག་ལས་གནང་བར་ཐུགས་མོས་གནང་གི་མེད་སྐོར་བརྗོད་བྱུང་། དེ་ནི་ཚང་མས་ཤེས་གསལ་ལྟར། སྔོན་ཆད་ཀྱི་འབུམ་དགུ་བ་ལས་འཕྲོས་པའི་གླེང་ལྷག་དེའི་དབང་གིས་ཡིན་ཚོད་འདུག

གང་ལྟར་ང་ནི་ཁོང་གི་སྲིད་དོན་གྱི་མིག་རྒྱང་དང་། རྒྱབ་ལྗོངས། ཤེས་འཇོན། དགོང་ལོ་བཅས་ཕྱོགས་གང་ཐད་ནས་ ༢༠༡༡ ལོར་བཀའ་ཁྲིའི་འོས་གཞི་ནི་ཁོང་ལས་ལྷག་པ་ཞིག་མཐོང་གི་མི་འདུག་ལ། ངའི་བཀྲུས་ན་མི་དག་པའི་ཐོབ་ཐང་སྟེ། མི་གཅིག་གི་འོས་ཤོག་གཅིག་པུའང་ཁོང་ལ་འཕེན་རྒྱུ་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

20 thoughts on “བཀའ་ཁྲིའི་འོས་གཞི་ཞིག་བརྙེད་སོང་། ལུང་རིགས་རྒྱལ།

  1. གཡུ་དྲུག་དཀར།

    སྐུ་ཞབས་གླེན་རྒན། བོད་རྒྱའི་གནད་དོན་འདི་དུས་རབས་ཕྱེད་ལྷག་ལ་ཐག་མ་ཆོད་པར་ལྷག་ཡོད་པར་མ་ཟད་མཐར་གཏུག་ན་གནད་དོན་འདི་མི་རིགས་གཉིས་ཀྱི་གནད་དོན་རེད། གལ་སྲིད་ཁྱེད་ཀྱི་ཐུགས་འདོད་ལྟར་རྒྱ་སྐད་ཤེས་པའི་བཀའ་ཁྲི་ཞིག་བྱུང་ན་འང་དེས་གུང་ཁྲན་ཏང་མགོ་མཇུག་སློག་ཐུབ་བམ། གལ་སྲིད་མགོ་རྟིང་སློག་ཐུབ་པའི་དབང་དུ་བཏང་ན་དེ་རྗེས་རྒྱ་རིགས་མི་རིགས་ཀྱིས་ང་ཚོར་སྙིང་རྗེ་ནས་རང་དབང་སྤྲོད་སྲིད་དམ། གུང་ཁྲན་ཏང་མགོ་རྟིང་སློག་རྗེས་རྒྱ་མི་རིགས་བྱང་ཆུབ་སེམས་དཔར་གྱུར་འགྲོ་བ་ཨེ་རེད། ཡང་ན་ད་ལྟའི་བར་དུ་ང་ཚོས་བོད་རྒྱའི་གནད་དོན་ཐག་མ་ཆོད་པར་ལྷག་པ་དེ་༧གོང་ས་མཆོག་གིས་རྒྱ་སྐད་མ་ཤེས་པས་རེད་དམ། ད་དུང་དྲི་བ་ཞིག་ཡོད་པ་ནི་རྒྱ་ནག་དམངས་གཙོར་གྱུར་ན་བོད་ལ་རང་དབང་འཐོབ་པར་ཕན་ཐོག་ཅི་ཞིག་ཡོད། སྐུ་ཞབས་གླེན་རྒན་ངས་ཁྱེད་ལ་ལྷག་བསམ་མི་འདུག་ཅེས་བརྗོད་ཀྱིན་མེད་མོད། བསམ་བློ་ལས་སླ་བོ་ཞིག་བཏང་ནས་རང་མགོ་རང་གིས་མ་གཡོགས་ན་ཨེ་ཆོག་གི། ཁ་དྲོ་བཀྲ་ཤིས་མུ་མཐུད་ནས་བཀའ་ཁྲིའི་སྐོར་ལ་བསམ་ཚུལ་གསུངས་རོགས། །

  2. གཡུ་དྲུག་དཀར།

    ང་ཚོས་བརྒྱ་བཤད་སྟོང་ལབ་ཅི་ལྟར་བྱས་ཀྱང་མ་འོངས་པའི་བཀའ་ཁྲིར་ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་གཅིག་ཡོད་པ་ནི་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་ཞིག་དང་རྒྱ་ནག་དམར་པོའི་གཞུང་ལ་ཆ་རྒྱུས་ཡོད་པ་ཞིག་དགོས་སྙམ། གང་ཞེ་ན་ང་ཚོའི་ཁ་གཏད་ས་དེ་རྒྱ་ནག་ཡིན་པ་དང་མ་འོངས་བཀའ་ཁྲིའི་ལས་འགན་ཀྱང་བོད་རྒྱ་ལག་ནས་བཅིང་གྲོལ་བྱ་རྒྱུ་དེ་ཁོ་ན་རེད། དེ་ཕྱིར་ཁ་གཏོད་ཡུལ་རྒྱ་ནག་ལ་རྒྱུས་མངའ་མེད་པར་རྡ་ས་ནས་ངར་སྐད་རྫ་རྡོ་ལྟར་སྒྲིག་ན་མུན་ནག་མདའ་འཕེན་གྱི་རྗེས་སུ་འགྲོ་བ་ལས་ཕན་ཐོག་ཅི་ཡང་འབྱུང་མི་སྲིད། སྤྱིར་དབྱིན་ཅིའི་སྐད་ཡིག་ཤེས་མིན་དང་རྒྱ་ཡིག་རྒྱ་སྐད་ཤེས་མིན་ནི་བཀའ་ཁྲི་ལ་འཛོམས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་མོད། ངེས་པར་དུ་ཚང་དགོས་པའི་ཁྱད་ཆོས་ནི་གཏན་ནས་མིན། དེ་ཕྱིར་ངས་བཙན་བྱོལ་བོད་མི་སྤར་མོ་གང་པོའི་ནང་དུ་ཡུན་རིང་བསམ་གཞིགས་བྱས་ནས་རྙེད་པའི་མ་འོངས་བཀའ་ཁྲིའི་འོས་གཞི་ནི་རྒྱ་ནག་གི་གནའ་དེང་ལོ་རྒྱུས་ལ་མཁྱེན་རྒྱ་ཡངས་པའི་སྐུ་ཞབས་ཚེ་རྒྱམ་ལགས་ཡིན།

  3. དབང་ལྡན་མཚོ་མོ།

    སྐུ་ཞབས་ལུང་རིགས་ལགས་བཀའ་ཁྲིར་བསྐོར་ལ་བསམ་ཚུལ་འབྲེལ་བཤད་གནང་བ་ཐུགས་རྗེ་ཆེ། སྐུ་ཉིད་ནས་བཀྲས་མཐོང་བསྟནའཛིན་རྣམ་རྒྱལ་གྱི་ལོ་རྒྱུས་གང་ཐུབ་འདིར་བྲིས་ནས་བཀོད་ཐུབ་ན་བདག་ལྟ་བུ་གང་ཟག་མང་པོ་ཞིག་ལ་ཕེན་ཐོག་ཡོད།

  4. མི་ནག་ཚང་ལུང་རིགས་རྒྱལ།

    ཨ་རིག་ལགས། མུ་མཐུད་དུ་གླེང་རོགས། རྒྱ་སྐད་ཤེས་པ་ཙམ་གྱིས་རྒྱ་ཡི་དོན་དག་སེལ་ཐུབ་ཀྱིན་མེད། དྲུག་བཞིའི་དོན་རྐྱེན་ཁྲོད་ཀྱི་སློབ་ཕྲུག་ཚོར་བསམ་བློ་གཏོང་རོགས། ལས་སླ་བོ་ཡོད་པ་མ་རེད། ད་སྐབས་བོད་དོན་ལ་དམིགས་བསལ་གྱི་དོ་སྣང་ཞིག་ཡོད་པ་དང་། ང་ཚོར་ད་དུང་འཚོ་གནས་ཀྱི་མདུན་ལམ་ཞིག་ཡོད་པ་འདིའི་གཞི་རྩ་ངེས་པར་དུ་བརླག་མི་ཉན་ཡཱ།