བོད་དང་ཞིན་ཅང་གི་ན་ཟུག རྩོམ་སྒྲིག་པས།

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༡༥༤ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་ཐད་ནས། རྒྱ་ནག་གཞུང་ལ་ན་ནིང་ལས་ལྷག་པའི་གདེང་ཚོད་ཅིག་ད་ལོར་འདུག རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་འཛིན་པའི་སྡང་ཟིག་དང་ཤ་འཁོན་རིགས་ཤིག་ཀྱང་གཞུང་གི་དྲིལ་བསྒྲགས་དང་མཉམ་དུ་ངར་ངར་རྫིག་རྫིག་གིས་ཡོང་གིན་འདུག

ཉིན་ཤས་གོང་ཞིན་ཅང་གི་ཟིང་འཁྲུག་བྱུང་རྗེས་རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཡུལ་དེར་གནས་ཚུལ་འགོད་པར་བཏང་ཡོད་ལ། དོན་དག་ཅི་བྱུང་ནི་དངོས་ཡོད་གནས་ཚུལ་གྱིས་ཁ་གྲག་ཡོང་གི་རེད་ཟེར། རྒྱ་ནག་གཞུང་ལ་ད་སྐབས་ཁེ་བཟང་ཞིག་ཡོད་པ་ནི། གྲངས་ཉུང་མི་རིགས་འདི་དག་གི་དཀའ་རྙོག་དེ་ཐད་ཀར་དབུས་གཞུང་དང་ས་གནས་གཞུང་ལ་ཞུ་ས་མེད་སྟབས། ཟིང་ཆའི་མགོ་ལངས་མ་ཐག་ཐད་ཀར་རྒྱ་ནག་ཧན་མི་རིགས་དང་མཉམ་དུ་ལག་འཛིང་ཤོར་འགྲོ་གི་ཡོད་པ་འདི་ཡིན། དེ་བས་རྒྱ་ནག་གིས་རྒྱ་རིགས་ཆེན་པོའི་རྒྱབ་རྩ་བཟུང་སྟེ། གྲངས་ཉུང་མི་རིགས་ཁག་ལ་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱིས་བཙན་གནོན་བྱས་པའི་ཁར། རྒྱ་མི་རིགས་ཀྱི་བཙན་གནོན་དེའང་རང་བཞིན་གྱིས་འཁྱེར་ཡོད་ལ། ལྷག་པར་དུ། དཀའ་རྙོག་དེ་དག་སེལ་སྐབས་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་རྒྱབ་རྩ་ལ་རྒྱ་མི་རིགས་ཁྲིད་ཡོང་རྒྱུ་དེ་ཡིན།

ལོ་སྔོན་མར་བོད་ནང་ཞི་རྒོལ་བྱུང་སྐབས་ཀྱང་རྒྱ་ནག་གིས་ཐབས་ལམ་འདི་སྤྱད་ཡོད་ལ། དེ་བས་ཞི་རྒོལ་གྱི་རྗེས་ནས་བཟུང་བོད་རྒྱ་མི་རིགས་གཉིས་ཀྱི་བར་མངོན་སུམ་གྱི་འགལ་བ་ཞིག་བསླེབས་ཡོད། ཕྱི་ཚེས་ ༥ ཉིན་གྱི་ཞིན་ཅང་གི་ཟིང་འཁྲུག་ཀྱང་། དུས་ཐོག་ཏུ་སྟངས་འཛིན་མ་བྱས་པར་བརྟེན་མཐར་མི་རིགས་གཉིས་ཀྱི་བར་ཚབས་ཆེའི་བསད་རྨས་ཀྱི་རྐྱེན་ངན་འདི་བྱུང་ཡོད། དེའི་ཁར་ཕྱི་ཚེས་ ༦ ནས་བཟུང་རྒྱ་ནག་ཧན་མི་རིགས་ཀྱིས་ལག་ལ་མཚོན་ཆ་བཟུང་སྟེ་ཡུ་གུར་བ་ཚོ་གང་སར་བཙལ་ནས་ཤ་འཁོན་ལེན་ཐབས་བྱས་ཡོད།

རྒྱ་གཞུང་གིས་ཐེངས་འདིའི་ཉེས་དོན་ལ་འབྲེལ་བ་ཡོད་མཁན་རྣམས་ལ་སྲོག་ཁྲིམས་གཅོད་ཀྱི་ཡིན་ཟེར། དོན་དངོས་ཐོག་ཕྱི་ཚེས་ ༥ ཉིན་གྱི་ཟིང་ཆ་འདི་ནི་ཟླ་སྔོན་མའི་ནང་བཀང་ཏོན་ནས་ཡུ་གུར་བ་གཉིས་བསད་པའི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་ཡོད། མི་གཉིས་ཀྱི་ཚེ་སྲོག་གིས་མི་ ༡༥༦ གི་ཚེ་སྲོག་འཕྲོག་པ་རེད། ད་ཆ་རྒྱ་གཞུང་གིས་ཉུང་མཐར་ཡང་ཁ་ཉིན་བསད་པའི་མི་ ༡༥༦ དེ་དག་གི་ཚེ་སྲོག་ལ་འགན་ཡོད་མཁན་མི་ ༡༥༦ གསོད་དགོས་ཀྱི་ཡོད། བརྒྱ་སྐོར་ནས་སྟོང་སྐོར་ཞིག་བཙོན་ལ་འཇུག་དགོས། རྒྱ་ནག་གི་སྲིད་བྱུས་འདིས་རྒྱ་མི་དང་ཡུ་གུར་མི་རིགས་བར་མུ་མཐུད་ནས་ཞེ་སྡང་གི་དུག་རྩ་འདེབས་ཀྱིན་ཡོད།

རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་གཉིས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་འཛིན་པའི་སྲིད་བྱུས་འདི་མུ་མཐུད་ཕྱིན་ཚེ་ཧུའུ་ཡི་འཆམ་མཐུན་སྤྱི་ཚོགས་དེ་དོན་དངོས་ཐོག་ཤ་འཁོན་དང་ཟིང་འཁྲུག་གི་སྤྱི་ཚོགས་ཤིག་ཏུ་འགྱུར་ངེས་ལ། ནམ་ཉིན་ཞིག་མིའི་རིགས་ཀྱི་བློ་ཡིད་ལ་མི་ཤོང་པའི་དམར་གསོད་ཆེན་པོ་ཞིག་རྒྱ་ནང་དུ་མི་ཡོང་བའི་ངེས་པ་མི་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

10 thoughts on “བོད་དང་ཞིན་ཅང་གི་ན་ཟུག རྩོམ་སྒྲིག་པས།

  1. མི་ནག་ཚང་ལུང་རིགས་རྒྱལ།

    བདེ་བ་ཅན་གྱིས་བཤད་པ་བདེན་པ་རེད། གནད་དོན་གང་ལའང་ནུས་ཚོད་ཀྱིས་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་གིས་རྒྱ་མི་རིགས་སྔུན་ལ་འདེད་པའི་བྱུས་དེ་ནི་སྔོན་མ་ཀོ་སོ་ཝོའི་དམག་འཁྲུག་སྐབས། ཨ་རིས་མེ་ཤུགས་འཕེར་མདེལ་ཞིག་གི་དམིགས་འབེན་ནོར་ཏེ་བྷེལ་གྷ་རི་ཡ་ནས་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་གཏོར་བ་དེ་ནས་བཟུང་བྱུང་ཡོད། སྐབས་དེར་པེ་ཅིན་ནས་ཨ་རི་ལ་ངོ་རྒོལ་ཤུགས་ཆེར་བྱས་ཡོད་ལ། མཐའ་མར་ངོ་རྒོལ་དེའི་ངོ་བོ་གང་འདྲ་ཞིག་ལ་འགྱུར་བར་རྒྱ་གཞུང་ལ་གདེང་ཚོད་མེད་པར་གྱུར་ནས་ངོ་རྒོལ་མཚམས་འཇོག་ཏུ་བཅུག་ཡོད།