བོད་ཀྱི་ལོ་འཁོར་དུས་ཆེན།

བོད་ཀྱི་ལོ་འཁོར་ཚོགས་ཆེན་དེ་འཆར་ཟླའི་ནང་ཨ་རིའི་གྲོང་ཁྱེར་སི་ཡེ་ཊེལ་ནང་འཚོགས་གཏན་འཁེལ་འདུག

བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ནུབ་བྱང་མངའ་སྡེ་ཝ་ཤིན་ཊོན་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ཐེངས་བཅུ་བཞི་བའི་བོད་ཀྱི་ལོ་འཁོར་དུས་ཆེན་དེ་འཆར་ཟླའི་ཚེས་ ༢༢ དང་ ༢༣ ཉིན་གྲངས་གཉིས་རིང་ཨ་རིའི་གྲོང་ཁྱེར་སི་ཡེ་ཊེལ་ནང་འཚོགས་གཏན་འཁེལ་ཡོད་པ་དང་།  སྐབས་དེར། སི་ཡེ་ཊལ་གྲོང་ཁྱེར་གྱི་སྤྱི་ཁྱབ་མཆོག་ཆེད་ཕེབས་ཀྱིས་ཚོགས་ཆེན་དབུ་འབྱེད་གནང་རྒྱུ་ཡིན་འདུག  ཐེངས་འདིའི་ཚོགས་ཡུལ་དེ་འཛམ་གླིང་གི་སྙན་གྲགས་ཆེ་བའི་སི་པེ་སི་ནི་ཌལ་ཞེས་པའི་གནས་ཁྱད་པར་ཅན་ཞིག་ཡིན་སྟབས། མི་མང་ཆིག་ཁྲི་ཉིས་སྟོང་ལྷག་འདུ་འཛོམས་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། དུས་ཆེན་གྱི་ཉིན་གྲངས་གཉིས་རིང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་རུ་ཡོད་པའི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་སྣེ་ཁྲིད་འོག་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱ་རྒྱུ་ཡིན་པ་མ་ཟད།  གྲོང་ཁྱེར་སི་ཡེ་ཊལ་ནང་ཡོད་པའི་བོད་ཀྱི་སློབ་ཕྲུག་ཁག་ཅིག་གིས་གཞས་སྣ་གཟིགས་འབུལ་དང་ཆོལ་གསུམ་བོད་ཀྱི་གྱོན་གོས་འགྲེམས་སྟོན་གནང་འཆར་ཡོད་འདུག་ལ། དེ་བཞིན། བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནད་དོན། རིག་གཞུང༌། གོམས་གཤིས་སོགས་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད།

གཞན། སྐུ་ཞབས་སི་ཀྲུ་ལྦ་ཊེ་རོ་སི་དང་ཁོང་གི་སྐུ་ཟླ་སི་ཛེན་རྣམ་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་གློག་བརྙན་བོད་ནང་ལོ་བདུན་དང་གངས་སེང་གི་ངུ་འབོད། དོན་འགྲུབ་དབང་ཆེན་དང་གྲྭ་འཇིགས་མེད་རྣམ་གཉིས་ཀྱིས་ཕབ་སྐྲུན་བྱས་པའི་འཇིགས་བྲལ་གློག་བརྙན། ཏཱ་ལའི་བླ་མ་རེ་ནོ་སོན་སེའེ་ཞེས་པ་སོགས་གློག་བརྙན་ཁག་ཅིག་ཀྱང་གཟིགས་འབུལ་ཞུ་འཆར་ཡོད་འདུག་ལ། བོད་པའི་ལག་ཤེས་དང་དཔེ་དེབ་སོགས་འགྲེམས་སྟོན་གོ་སྒྲིག་གནང་སྟེ་ཨ་རིའི་ནང་གི་བཙན་བྱོལ་བོད་མི་རྣམས་མཉམ་འཛོམས་བྱ་རྒྱུ་ཡིན་པ་མ་ཟད། ཁེ་ན་ཌའི་གྲོང་ཁྱེར་ཝན་ཁོ་ཝར་ནང་ཡོད་པའི་བོད་མི་རྣམས་ཀྱང་མཉམ་ཞུགས་གནང་འཆར་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply