ཕྱི་ལོ་ ༢༠༡༡ ལོའམ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བོད་མི་ཚོས་སྔར་དང་གཏན་ནས་མི་འདྲ་བར་ཧ་ཅང་གི་གལ་འགངས་ཆེན་པོར་མཐོང་གི་ཡོད་ཅིང་། ཁོང་ཚོས་ད་ལྟ་ནས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་ལ་བགྲོ་གླེང་ཤུགས་ཆེར་བྱེད་ཀྱིན་ཡོད། འདི་ནི་མང་གཙོའི་སྒྲོམ་གཞི་ཅན་དུ་གྱུར་ནས་ད་བར་ཡུན་རིང་སོང་ནའང་། གཉོམ་ལག་རྒྱས་མེད་པའི་བཙན་བྱོལ་སྤྱི་ཚོགས་འདི་འཚར་ལོངས་ཀྱི་རྒྱུད་རིམ་ཚད་ངེས་ཅན་ཞིག་ཏུ་སླེབས་པའི་འབྲས་རྟགས་ཡིན་ལ། ༢༠༡༡ ལོའི་བར་དུ་ང་ཚོར་དུས་ཚོད་ཀྱི་ཆ་ནས་བཀའ་བློན་ཁྲི་པ་ཤེས་འཇོན་གཉིས་ལྡན་ཞིག་འཚོལ་བའི་དུས་ཡུན་འདང་ངེས་ཤིག་ཀྱང་ཡོད།
འོན་ཀྱང་། དེང་སྐབས་བོད་མིའི་སྤྱི་ཚོགས་ཁྲོད་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་ནི་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཁོང་བསྐྱར་དུ་ཕེབས་དགོས་པ་ལས། ཁོང་ལས་ལྷག་པའི་ཤེས་འཇོན་གཉིས་ལྡན་ཞིག་བཙན་བྱོལ་སྤྱི་ཚོགས་ཁྲོད་བཙལ་ཡང་མི་རྙེད་པའི་ལྟ་ཚུལ་འཛིན་མཁན་ཡོད་ལ། དེའི་དཔེ་མཚོན་ལྟ་བུར་ཧོང་སུར་རབ་རྒྱས་གླིང་མི་མང་གིས་བོད་གཞུང་བཀའ་ཤག་དང་སྐུ་སྒེར་ཡིག་ཚང་། བོད་མི་མང་སྤྱི་འཐུས་བཅས་ལ་སྙན་ཞུའི་ཡི་གེ་ཞིག་ཕུལ་ཏེ། བཅའ་ཁྲིམས་ནང་བཀའ་བློན་ཁྲི་པ་ཡུན་ཚད་གཉིས་ལྷག་བསྟུད་མར་བསྐྱར་འདེམས་མི་ཆོག་ཅེས་པ་དེ། ཡུན་ཚད་གསུམ་ལྷག་བསྐྱར་འདེམས་མི་ཆོག་ཅེས་པར་བཅོས་དགོས་སྐོར་འཁོད་ཡོད། སྙན་ཞུ་ཡི་གེ་དེའི་ནང་མུ་མཐུད་དུ་གསལ་དོན། ཤིན་ཏུ་རྙེད་དཀའ་བའི་དཔའ་མཛངས་ལྡན་པའི་སྐྱེས་བུ་འདི་ལྟ་བུ་ཞིག་བཅའ་ཁྲིམས་ཀྱི་ཚིག་འབྲུ་གཅིག་ལ་བརྟེན་ནས་དོར་བྱར་བཞག་དགོས་པ་ནི་མི་འཐད་དེ། ཁེ་གྱོང་གཉིས་ལས་ཁེ་དེ་གདམ་དགོས་པ་དང་། རྟོན་བཞིའི་རྣམ་གཞག་ལྟར་ན། དགག་བྱ་ལས་དགོས་པ་དེ་གདམ་དགོས་པ་རེད་ཅེས་སོགས་གསལ་ཡོད།
སྙན་ཞུའི་ཡི་གེ་དེ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༡༢ བྲིས་པ་ཞིག་ཡིན་ཞིང་དེའི་ནང་དུ་བདག་ཅག་ཧོང་སུར་རབ་རྒྱས་གླིང་སེར་སྐྱ་མི་མང་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཞེས་གསལ་ཡོད་ཀྱང་། ཧོང་སུར་རབ་རྒྱས་གླིང་གི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་དེ་ནི་མི་མང་ཡོངས་ཀྱི་བསམ་ཚུལ་ཞིག་མིན་ཐོག ལས་སྣེར་བསྡད་པའི་མི་རེ་ཟུང་གི་བསམ་ཚུལ་ཡིན་ཞིག་ཡིན་མོད། ཁོང་ཚོ་མང་ཆེ་བ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་རང་བདེན་ཚོགས་གཙོ་ལྟ་བུ་གནད་ཡོད་མི་སྣ་ཁག་ཅིག་ཡིན་སྟབས། མི་མང་གི་མཚན་རྟགས་བསྡུ་རུབ་བྱེད་རྒྱུར་དཀའ་ངལ་བྱུང་ཡོད་པ་མ་རེད། ཡིན་ནའང་། མཚན་རྟགས་བསྡུ་རུབ་མ་བྱས་པའི་སྔོན་དུ་མི་མང་ལ་ཡང་དང་རིམ་གྱིས་བགྲོ་གླེང་འཚོགས་འདུ་བསྐོངས་པ་དང་སྦྱང་བཤད་བྱེད་པ། མཚན་རྟགས་བསྡུ་རུབ་བྱེད་སྐབས་མང་ཚོགས་རང་ཉིད་ཀྱིས་འགན་འཁུར་བླངས་ན་འོས་འཚམ་ཡིན་པ་ལས་གནད་ཡོད་མི་སྣ་དེ་དག་གྲོང་སྡེ་རེ་རེ་བཞིན་བསྐྱོད་པ་དེས། མི་མང་གིས་རང་བཞིན་གྱིས་མཚན་རྟགས་རྒྱག་དགོས་བྱུང་བ་རེད་ཅེས་འགྲེལ་གྱིན་ཡོད།
འདིའི་ཐད་དུ་རྫོང་འཁོར་ཆོས་སྡེ་དགོན་པའི་དྲུང་ཡིག་སྐལ་བཟང་རྒྱ་མཚོ་མཆོག་གིས་གསུངས་དོན། ཁོང་ཚོ་མི་ཁ་ཤས་ཤིག་གིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་དེ་མི་མང་ལ་བསམ་ཚུལ་གང་ཡང་མེད་པའི་ཐོག་གོ་སྒྲིག་བྱས་འདུག ཁོང་ཚོས་གོ་སྒྲིག་བྱས་པ་གཞིར་བཟུང་གྲོང་སྡེའི་བརྒྱ་དཔོན་སོགས་མི་ཚང་ཚོའི་སྒོ་འགྲམ་དུ་ཕྱིན་ནས་ས་ཡིག་བསྡུ་རུབ་བྱས་པ་རེད་ལ། ང་ལྟ་བུར་མཚོན་ན་བརྒྱ་དཔོན་གྱིས་ས་ཡིག་རྒྱག་དགོས་པ་རེད། ས་ཡིག་རྒྱག་དོན་བཀའ་བློན་ཁྲི་པ་བསྐྱར་དུ་བཀའ་བློན་ཁྲི་པར་ཕེབས་ཆེད་དུ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག་ནའང་། སྐབས་དེར་ངས་མོས་མཐུན་རྩ་བ་ནས་བྱས་མེད་ལ་ས་ཡིག་ཀྱང་བརྒྱབས་མེད། འོན་ཀྱང་ཁོང་ཚོ་གྲོང་སྡེ་རེ་རེ་བཞིན་བསྐྱོད་དེ་ས་ཡིག་བསྡུ་རབ་བྱེད་སྐབས་ཁོང་ཚོའི་ལག་ཏུ་མི་མང་བོའི་ས་ཡིག་རེག་པ་རེད་མོད། དོན་དངོས་ཐོག་མི་མང་ལ་དེ་ལྟ་བུའི་མངོན་འདོད་གཏན་ནས་ཡོད་པ་མ་རེད། ཅེས་གསུངས་ཡོད་ལ། ཨེ་ཧྤུ་ F གྲོང་སྡེ་ནས་ཡིན་པའི་ཚེ་དབང་ལགས་ཀྱིས། མི་རེ་ཟུང་གིས་འགན་བླངས་ཏེ་ཕྱི་ལོ་ ༢༠༡༡ ལོར་བཀའ་བློ་ཁྲི་པར་འགྱུར་བ་འགྲོ་གི་ཡོད་ནའང་། བཀའ་བློན་ཁྲི་པར་འགྱུར་བ་མི་འགྲོ་བར་རང་འཇགས་ཕེབས་དགོས་ཀྱི་རེད། ཁོང་རང་འཇགས་ཕེབས་ཆེད་ང་ཚོ་ཧོང་སུར་མི་མང་ནང་མཚན་རྟགས་བསྡུ་རུབ་བྱས་ཏེ་སྙན་ཞུ་ཞིག་འབུལ་དགོས་ཀྱི་རེད་ཅེས་གཞིས་གྲོང་ཁག་ལ་བསྐྱོད་འདུག་ཀྱང་། མི་མང་མང་ཆེ་བས་བཀའ་བློན་ཁྲི་པ་བསྐྱར་དུ་འདེམས་དགོས་པ་རེད་ཟེར་དུས་ས་ཡིག་བརྒྱབས་བཞག་པ་མ་གཏོགས། བཅའ་ཁྲིམས་བསྒྱུར་བཅོས་ཟེར་དུས་གང་ཡང་ཤེས་རྟོགས་མི་འདུག སྤྱིར་བཏང་ནས་གཞིས་གྲོང་ཁག་ཏུ་མི་ཞིག་སླེབས་ཏེ་ས་ཡིག་རྒྱག་དགོས་པ་རེད་ཟེར་དུས་མི་ཚང་མས་ས་ཡིག་རྒྱག་གི་ཡོད་པ་རེད། དེ་ནི་མི་མང་ལ་ཤེས་ཡོན་གནས་ཚད་མཐོན་པོ་མེད་སྟབས་ཁོང་ཚོས་ས་ཡིག་རྒྱོབས་ཟེར་གྱི་འདུག་པས་ངས་ས་ཡིག་བརྒྱབས་པ་ཡིན་ཟེར་བ་ལྟ་བུ་ཡོང་གི་ཡོད། སྙན་ཞུ་དེ་མི་ཚང་མའི་བསམ་བློའི་ནང་ཡོད་པ་དེ་འདྲ་མ་ཡིན་པར་མི་རེ་གཉིས་ཀྱིས་ས་ཡིག་བསྡུ་རུབ་བྱས་པ་དེ་འདྲ་རེད། ས་ཡིག་བསྡུ་རུབ་བྱེད་དུ་ཕེབས་སྐབས་ས་ཡིག་རྒྱག་དགོས་པ་རེད་ཟེར་གྱིན་འདུག་མོད། མི་མང་ལ་འདོད་བློ་ཁེངས་པའི་འགྲེལ་བཤད་ཅིག་བྱས་མི་འདུག་ཅེས་གསུངས་ཡོད།
རྒྱུད་སྨད་གྲྭ་ཚང་གི་དྲུང་ཡིག་ཉི་མ་རྡོ་རྗེ་ལགས་ཀྱིས་གསུངས་དོན། སྐབས་དེར་མི་རེ་ཟུང་གིས་དམིགས་བསལ་གྱིས་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཏེ་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་དེ་བསྐྱར་དུ་བཀའ་བློན་ཁྲི་པར་ཕེབས་དགོས་པ་རེད། བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ་རེད་ཅེས་གསུངས་འདུག་ཀྱང་། ང་ལྟ་བུར་མཚོན་ན་མུ་མཐུད་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་ལས་ཐོག་གསུམ་པ་དེ་གཞོན་སྐྱེས་ཤིག་དང་ཤེས་འཇོན་ལྡན་པ་ཞིག་ཡོང་དགོས་པ་དང་། རབ་བྱུང་ན་བཅའ་ཁྲིམས་ལ་བསྒྱུར་བ་གང་ཡང་གཏོང་མ་དགོས་པ་ཞིག་བྱུང་ན་བསམ་མཁན་གྱི་གྲས་ཡིན་ལ། ང་དང་རྫོང་མཁར་ཆོས་སྡེའི་དྲུང་ཡིག་སྐལ་བཟང་རྒྱ་མཚོ་ངེད་གཉིས་ཀྱིས་མ་སྐུལ་དང་བླངས་ཐོག་མང་ཚོགས་ཁྲོད་དུའང་དེ་ལྟར་གསལ་བཤད་བྱེད་དུ་ཕྱིན་པ་ཡིན། སྤྱིར་བཅའ་ཁྲིམས་ལ་མང་མོས་ཀྱིས་འགྱུར་བ་ཕྱིན་ཚེ་དེ་ལ་ང་ཚོས་གང་ཡང་ཞུ་རྒྱུ་ལྷག་མེད་ལ། མི་འདོད་ནའང་མང་གཙོའི་འགྲོ་ལུགས་ལྟར་བཀུར་དགོས་པ་རེད། ཡིན་ནའང་། ད་ལྟའི་ཆར་གཞོན་སྐྱེས་གང་འདྲ་ཞིག་ལ་བཀའ་བློན་ཁྲི་པའི་འགན་སླེབས་པ་ཡིན་ནའང་། ༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་འདིར་དམིགས་བསལ་གྱིས་མགོ་འཇུག་ལོག་པ་དང་འགལ་མཛོད་ཆེན་པོ་འབྱུང་གི་མ་རེད། དེར་བརྟེན་ང་ཚོའི་མང་ཚོགས་ཚོ་ཡིན་ནའང་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་ཆོག་གི་རེད། ཅེས་མི་མང་ལ་གསལ་འདེབས་བྱེད་ཀྱིན་ཡོད་ཅེས་གསུངས་ཡོད།
ཡང་མིང་བརྗོད་འདོད་མེད་མཁན་ཞིག་གིས་མི་མང་ལ་ས་ཡིག་རྒྱག་མིན་རང་ཉིད་ཀྱི་འདོད་མོས་ཡིན་ནའང་། དྲི་བ་སོགས་གང་ཡང་འདོན་ཆོག་གི་མ་རེད་ཅེས་བརྗོད་སོང་ལ། མི་ཚང་མས་ས་ཡིག་བརྒྱབས་སྟབས་ངས་ཀྱང་ས་ཡིག་བརྒྱབས་པ་ཡིན། དེ་ནི་ང་གཅིག་པུས་ས་ཡིག་མ་བརྒྱབས་ཀྱང་ཕོ་རོག་དཀར་བོར་གྱུར་བ་ཙམ་རེད་ཅེས་བརྗོད་སོང་།
འོན་ཀྱང་། འདི་གའི་གསར་འགོད་པས་གནད་དོན་འདི་དག་གི་ཐད་ཧོང་སུར་རབ་རྒྱས་གླིང་ས་གནས་འཐུས་མིའི་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་སྐབས་གཅིག་བསྐྱར་དུ་ཕེབས་རོགས་ཞེས་རིན་པོ་ཆེ་ཁོང་དང་སྤྱི་འཐུས་ལྷན་ཁང་ལ་བཅའ་ཁྲིམས་བསྒྱུར་བཅོས་གཏོང་དགོས་པའི་ལས་གཞི་ཞིག་བརྩམས་པ་ཡིན། དེ་ནི་ང་ཚོ་མི་རེ་ཟུང་ཙམ་མིན་པར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་ཡོད། དེའི་ཐོག་བརྒྱ་དཔོན་དང་སྤྱི་མི་ཚང་མར་གོ་བསྡུར་བྱས་ཏེ་ཁོང་ཚོས་བརྒྱ་ཆ་བརྒྱ་མོས་འཐུན་བྱུང་རྗེས། གྲོང་སྡེ་སོ་སོའི་ནང་བསྐོར་བསྐྱོད་བྱས་ཏེ། མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་པ་དང་མཐར་མཚན་རྟགས་བཀོད་པ་རེད། མཚན་རྟགས་བཀོད་མཁན་གྱི་མི་ ༡༠༥༠ ཙམ་ཡོད་ཅིང་། དེ་དག་སྤྱི་འཐུས་ལྷན་ཁང་དང་སྐུ་སྒེར་ཡིག་ཚང་། བཀའ་ཤག་བཅས་ལ་ངོ་བཤུས་ཕུལ་ཡོད། ཚོགས་པ་དྲུག་ནི། ས་གནས་འཐུས་མི་དང་རང་བདེན་ཚོགས་ཆུང་། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི། བུད་མེད། གཞོན་ནུ། སྤྱི་མི་བཅས་ཡིན་ཞེས་བརྗོད་ཡོད།
རང་བཙན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་ཀྱིས། དང་ཐོག་ང་ཚོ་ལས་ཀྱི་སྣེ་མོར་གཏོགས་པའི་མི་ལྔ་དྲུག་ཅིག་གིས་ ༢༠༡༡ ལོའི་བཀའ་བློན་ཁྲི་བར་དམིགས་བསལ་གྱིས་འོས་འགན་ཡོད་པ་ཞིག་ཏུ་མཐོང་སོང་ལ། ང་ཚོས་གོ་བསྡུར་དང་མོས་མཐུན་གཅིག་ལ་བྱུང་སྟེ། བརྒྱ་དཔོན་དང་སྤྱི་མིར་གོ་བསྡུར་བྱས་པ་ཡིན། ཁོང་ཚོ་ཚང་མས་ང་ཚོར་རྒྱབ་སྐྱོར་བྱས་སྟབས། ང་ཚོས་མི་མང་བསྐོངས་ཏེ་སྤྱིར་བཏང་ཤེས་འཇོན་ཅན་མང་བོ་ཡོད་ནའང་། ཕྱོགས་བསྡོམས་ལྟ་བུ་བྱས་ན་རིན་པོ་ཆེ་ལས་འགྲན་ཟླ་བྲལ་བ་ཞིག་ཚང་མས་མཐོང་ཡོད་པ་མ་རེད། གལ་སྲིད་བཀའ་བློན་ཁྲི་པ་ཁོང་བསྐྱར་དུ་བཀའ་བློན་ཁྲི་པར་བཞུགས་རྒྱུར་བཅའ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ་དང་། དེར་མང་ཚོགས་ཀྱིས་རྒྱབ་སྐྱོར་ཐོབ་ཚེ་སྤྱི་འཐུས་ལྷན་ཁང་ལ་སྙན་ཞུ་འབུལ་རྒྱུ་ཡིན་སྐོར། མང་ཚོགས་ལ་གསལ་བཤད་དང་དེ་ལ་རྒྱབ་སྐྱོར་བྱེད་མིན་སོ་སོའི་འདོད་མོས་ཡིན། ཞེས་ཚོགས་ཆེན་སྐབས་ངོ་སྤྲོད་བྱས་ཡོད་ལ། འདོད་མོས་བྱུང་དོན་ལྟར་ང་ཚོ་གྲོང་སྡེ་རེ་རེ་བཞིན་བཅར་ཏེ། རང་ལོ་བཅོ་བརྒྱད་ཡན་དང་འདོད་མོས་ཡོད་མཁན་ཚོར་ས་ཡིག་བསྡུ་རུབ་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད།
གཞན་ཡང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་བསོད་ནམས་ལགས་ཀྱིས། ང་ཚོས་མི་མང་ལ་དགོངས་ཚུལ་ག་རེ་ཡོད་ནའང་ཞུ་ཆོག་གི་རེད་ལ། མཚན་རྟགས་བསྐྱོན་དང་མ་བསྐྱོན་ཡང་མི་མང་རང་གི་འདོད་མོས་ཡིན་པ་ལས་ང་ཚོས་ཨུ་ཚུགས་རྒྱག་ཆོག་གི་མ་རེད་ཅེས་ཞུས་པ་ཡིན། ང་ཚོ་གྲོང་སྡེ་ནང་འགྲོ་སྐབས་མི་རྒན་གཞོན་ཚང་མས་ཁྱེད་ཚོར་དེ་ལྟ་བུའི་བསམ་བློ་ཞིག་འཁོར་བ་ཡག་པོ་རེད་ཅེས་བསྔགས་བརྗོད་གནང་གི་འདུག ཡིན་ནའང་། ང་ཚོས་མཚན་རྟགས་བསྡུ་རུབ་བྱེད་སྐབས་མི་གཉིས་ཙམ་གྱིས་འདོད་མོས་མེད། བུད་མེད་ཅིག་དགོས་པ་རེད་ཅེས་བསམ་ཚུལ་བརྗོད་འདུག དེ་མིན་མི་མང་གིས་ངོས་ནས་དགོངས་ཚུལ་གང་ཡང་སླེབས་མ་སོང་། ང་ཚོས་ཚོགས་འདུ་སྔོན་ལ་འཚོགས་དོན་མི་མང་གིས་དགོངས་ཚུལ་གནང་ཆེད་ཡིན་ཞེས་གསུངས་ཡོད།
ཧོར་སུར་མི་དམངས་གི་བསམ་ཚུལ་ཡིན་པ་ང་ལ་ཡིད་ཆེས་ཡོད།
ཧོང་སུར་མི་མང་གི་བསམ་ཚུལ་ཡིན་པ་ང་ལ་ཡིད་ཆེས་མེད།
འདིའི་ཐད་དུ་ང་ལ་བསམ་བློ་མ་འཁོར་བ་མིན། ཡིན་ནའང་། སྐད་ཆ་འདི་བཤད་པ་བོས་ངོས་ནས་ཧ་ཅང་གི་གཟབ་ནན་དང་གལ་འགངས་ཆེན་པོ་བྱས་ཏེ་ང་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་ཟེར་གྱི་འདུག དྲང་མོར་བཤད་ན་ངས་བཅར་འདྲི་བྱས་པའི་ཉིན་དེར་ཧོང་སུར་རབ་རྒྱས་གླིང་ས་གནས་འཐུས་མིའི་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་བརྒྱ་དཔོན་དང་སྤྱི་མི་ཞེས་པ་ཚོགས་པ་གཉིས་སུ་དབྱེ་སོང་ནའང་། དེ་ནི་འབོད་སྟངས་མི་འདྲ་བ་ཙམ་ལས་བརྒྱ་དཔོན་ཟེར་ནའང་འདྲ། སྤྱི་མི་ཟེར་ནའང་འདྲ། གང་ལྟར་ཡང་གྲོང་སྡེ་རེ་རེའི་མི་མང་གིས་འོས་འདེམས་བྱས་པའི་སྐུ་ཚབ་འཐུས་མི་ལ་གོ་དགོས་པ་རེད།
དེར་བརྟེན་ངས་ཁོང་ཚོས་ཡར་ཕུལ་བའི་སྙན་ཞུ་ཡི་གེར་བལྟས་ན་ཚོགས་པ་དྲུག་གསལ་བོར་ངོས་བཟུང་བ་ཡིན། གང་ལྟར་ཡང་། སྐད་ཆ་དེ་ས་གནས་འཐུས་མིའི་ཚོགས་གཙོའི་སྐད་ཆ་ཞིག་ཡིན་སྟབས་ངས་ཀྱང་རྐང་བཙུགས་ནས་ཕྱིར་འཐེན་བྱས་མེད། ཡིན་ནའང་། ངས་བལྟས་ན་བུད་མེད་དང་གཞོན་ནུ་ལས་གཞན་རྣམས་གཞུང་འབྲེལ་མེད་པ་དེ་འདྲ་མ་རེད་སྙམ། ཁོང་ཚོ་གཞུང་གི་སྒྲིག་འཛུགས་འོག་ཡོད་པའི་ཚོགས་པའམ་ཡན་ལག་ལྟ་བུ་རེད། འདི་བསམ་བློ་གཏོང་ས་གཅིག་མིན་ནམ།
འདི་ན་ཚབས་ཆེ་ཤོས་ཀྱི་ནོར་འཁྲུལ་ཞིག་འདུག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་ཅེས་པ་དེའི་ནང་གི་གཞུང་འབྲེལ་གྱི་ཚོགས་པ་དེ་གང་དང་གང་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཁོང་བསྐྱར་དུ་བཀའ་ཁྲིར་འདུག་གི་ཡིན་ལབ་ཀྱི་ཡོད་པ་རེད་དམ། དེ་མིན་ན་གཞུང་འབྲེལ་གྱི་ངོས་ནས་ལས་འགུལ་འདི་འདྲ་སྤེལ་སྲོལ་གང་ན་ཡོད། གསར་འགོད་པས་ང་ལ་དྲི་ལན་འདི་ངེས་པར་དུ་གསལ་བོ་ཞིག་བཟོ་རོགས།
bod mi rigs kayi snyings satobs ragayl gayur cig
bod mi rigs kyi dmangs gxo ragayl gayur cig
ཧོང་སུར་མི་མང་གི་བསམ་ཚུལ་དེ་བདེན་པ་རེད་ནམ་ཡང་དྲན་གྱིན་མི་འདུག བརྟགས་དཔྱད་མ་བཏང་ན་འདི་ཚོ་ཡག་པོ་མེད་དཱ།
རང་བཙན་ཚོགས་ཆུང་ལྟ་བུས་ཚོགས་སྡེ་ཁག་གིས་མི་མང་གི་བློ་ཁ་འདི་ལྟར་བསྒྱུརབ་ཡིན་ན་རང་བཙན་ཚོགས་ཆུང་གི་ནོར་འཁྲུལ་རེད། སྤྱིར་བོད་པ་ཚང་གི་མིག་ལམ་ནས་མཚན་རྟགས་རྒྱག་པ་དེ་འགན་མེད་པ་ཞིག་ཆགས་ཡོད་པ་བཤད་མ་དགོས་པ་ཞིག་རེད། བོད་པའི་སྤྱི་ཚོགས་ནང་མཚན་རྟགས་ལ་འགན་མེད་པ་མ་ཟད། མཚན་རྟགས་ལ་ཁོང་ཚོའི་ངོས་ནས་རིན་ཐང་ཡང་ཞེ་དྲག་མེད་སྟབས་མི་མང་གིས་དེ་འདྲ་གནང་གི་ཡོད་པ་རེད། མི་མང་གིས་ཤེས་དགོས་པ་ཞིག་ནི་རང་གི་མཚན་རྟགས་ལ་རིན་ཐང་ཡོད་པ་དང་།རང་གི་མཚན་རྟགས་ཀྱི་འགན་རང་ཉིད་ལས་སུ་གཅིག་གིས་ཀྱང་འགན་མི་ཁུར་དེ་ཤེས་དགོས། བོད་ཀྱི་མཐོ་རིམ་སྤྱི་ཚོགས་ནང་མཚན་རྟགས་ཀྱི་རིན་ཐང་དང་འོས་འགན་གང་འཚམ་ཤེས་ཡོད་ཀྱང་། དམའ་རིམ་སྤྱི་ཚོགས་ནང་དེའི་གོ་རྟོག་ད་དུང་སེལ་ཡོད་པ་མ་རེད། དེ་མ་ཤེས་སྟབས་རང་བཙན་ཚོགས་ཆུང་ལྟ་བུས་མི་མང་གི་མཚན་རྟགས་ལག་ཆ་བྱེད་ཀྱིན་ཡོད་པ་རེད། མི་མང་གིས་ཀྱང་ཤེས་བྱ་ཕྲན་བུ་འདི་དག་སྣང་མེད་དུ་མི་འཇོག་པར་འགན་ཡོད་པ་ཞིག་གནང་རོགས་གནོངས།
མང་གཙོ་ཡིན་ཡང་གཞུང་གི་བཅའ་ཁྲིམས་ལ་བརྩི་མཐོང་མ་བཞག་ན། རང་ཉིད་ཀྱི་གཞུང་ལ་བཅའ་ཁྲིམས་ཞིག་ཡོད་པ་དེར་དགོས་དམིགས་མ་བྱུང་བ་རེད། བཅའ་ཁྲིམས་ལ་འགྱུར་བ་བཏང་ཆོག་ཆོག་ཞིག་ཡོད་པར་བསམ་པ་དེ་ནི་བྱིས་བློའི་གཤིས་ཀ་དང་། བསམ་བཞིན་དུ་བཅའ་ཁྲིམས་ལ་སྣང་ཆུང་མཐོང་ཆུང་བཏང་བ་ཞིག་རང་རེད། གལ་སྲིད་ཁྱེད་ཚོས་ད་ལྟའི་བཀའ་ཁྲི་མཆོག་མ་འོངས་པའི་བཀའ་ཁྲིར་བསྐྱར་འདེམས་བྱ་འདོད་ན་ཡང་མི་མང་གི་མཚན་རྟགས་བསྡུ་སྟངས་དང་མི་མང་ལ་འགྲེལ་བཤད་རྒྱག་སྟངས་དེ་དག་ནི་དྲང་བདེན་ཚུལ་མཐུན་ཞིག་ངེས་པར་དུ་ཡོང་དགོས་པ་ཡིན། འོལ་ཚོད་དང་ཧམ་སེམས་ནི་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲིགས་གཞི་ཞིག་ཡིན་པས། དེ་ལ་བརྟེན་ནས་འབྱུང་འགྱུར་གྱི་རྙོག་དྲའི་རིགས་ཀྱི་འགན་མཐའ་དག་བརྩོན་འགྲུས་རབ་རྒྱས་ཅན་སོགས་མི་དྲུག་གིས་འཁུར་དགོས་པ་ཡིན། ཁྱེད་ཚོའི་འདོད་པ་ལྟར་ན། མང་གཙོའི་ལམ་སྲོལ་ནང་དུ་ཡང་ཁྲིམས་ལུགས་ཀྱི་དབང་སྒྱུར་མི་དགོས་པར་གང་ཟག་གི་དབང་སྒྱུར་མུ་མཐུད་དགོས་པར་བསམ་གྱིན་ཡོད་ཤག་རེད། དྲང་པོར་བརྗོད་ན། ཁྱེད་ཚོ་ནི་ཕྱོགས་གཅིག་རྐྱང་བ་ལ་མགོ་འཐོམ་ཅན་གྱི་རྨོངས་དད་པ་དང་། ཁྲིམས་ཀྱི་དགོངས་དོན་ལ་ཆ་འཇོག་བརྩི་བཀུར་མི་བྱེད་པའི་ཁྲིམས་འགལ་ཅན་འབའ་ཞིག་རེད། འདི་འདྲའི་རིགས་ལ་རྟེན་ཅིང་འབྲེལ་འབྱུང་ངང་༧གོང་ས་མཆོག་གིས་ཀྱང་། ༼ ལས་བྱེད་པ་ཚོས་དེ་བས་ཀྱང་སྒྲིག་འཛུགས་ལ་བརྩི་བཀུར་དང་། དགའ་ཞེན་ཆེན་པོ་བྱ་དགོས་པ་ལས། སྒྲིག་འཛུགས་ལ་བཙན་དབང་བྱེད་པོར་འདུ་ཤེས་ན་ནོར་འཁྲུལ་རེད། ལས་བྱེད་པ་ཟེར་བ་མང་ཚོགས་ཀྱི་དཔོན་པོ་དང་། སྐྱིད་པོ་གཏོང་མཁན་ཞིག་མིན། ལས་བྱེད་པ་ནི་མང་ཚོགས་ཀྱི་གཡོག་པོ་དཀའ་ངལ་དང་ལེན་བྱ་མཁན་ཞིག་ཡིན། ལས་བྱེད་པ་ཡིན་ཕྱིན་སྤྱིར་བཏང་མི་མང་ལས་ལྷག་པའི་སྙིང་སྟོབས་དང་། སྤྱོད་ཚུལ་བཟང་པོ་ཞིག་ངེས་པར་དུ་ཡོད་དགོས།༽ཞེས་སོགས་ཀྱི་བཀའ་སློབ་མང་དུ་ཕེབས་ཡོད། འབྲེལ་ཡོད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འོས་བསྡུ་ལྷན་ཁང་བཅས་ནས་ཧོང་སུར་མི་མང་གི་བསམ་ཚུལ་ཞེས་པ་ལ་ངེས་པར་ཞིབ་བཤེར་སྤུས་དག་ཅིག་གནང་དགོས་གལ་ཆེའོ།།
འོ་ད་དེ་རེད། ད་ཡག་པོ་ཞིབ་འཇུག་བྱས་ན་མ་གཏོགས་ད་དུང་འདི་འདྲ་བ་མུ་མཐུད་ཡོང་གི་རེད་ཨོ།