ཨ་རིའི་མི་འབོར་ཕྱེད་ཀའི་ཉེན་ཁ།

ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕག་ཆམ་གྱི་ནད་གཞི་དེས་ད་ལོའི་ལོ་འཁོར་གཅིག་གི་ནང་ཚུད་དུ་ཨ་རིར་ནད་པ་ཁྱོན་ས་ཡ་ ༡།༨ ཙམ་སྨན་ཁང་དུ་བསྐྱལ་རྒྱུ་དང་། ནད་གཞི་བསྐྱར་ལངས་ཀྱི་དུས་འདིར་ངེས་པར་དུ་ནད་གཞི་ལྟ་སྐྱོང་སྡེ་ཚན་ཞིག་ཆེད་འཛུགས་ཀྱིས་སྤྱི་ཚོགས་དང་སྨན་གྱི་ནུས་པ་རྩ་གཏོར་མི་འགྲོ་བར་བྱེད་དགོས་པའི་ཉེན་བརྡ་ཞིག་ཚན་རིག་སློབ་སྟོན་པས་ཕོ་བྲང་དཀར་པོར་བཏང་ཡོད་པ་དང། སྲིད་འཛིན་ཨོ་བྷ་མར་ཡང་མགྱོགས་མྱུར་ནད་གཞི་སྔོན་འགོག་གི་སྨན་ཁབ་བཟོ་བསྐྲུན་བྱེད་དགོས་པ་དང། སྲིད་འཛིན་རང་ཉིད་ནས་རྒྱལ་ཁབ་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་དེ་དག་གི་ཐོག་ཏུ་ཐག་གཅོད་འགན་ཁུར་ཐུབ་མཁན་གྱི་ཕོ་བྲང་དཀར་པོའི་མི་ཞིག་འདེམས་སྒྲུག་བྱེད་དགོས་ཚུལ་གྱི་འབོད་སྐུལ་ནན་མོ་ཞུས་ཤིང་། རེས་གཟའ་ལྷག་པའི་ཉིན་ཚོད་དཔག་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཕག་ཆམ་ནད་གཞི་དེའི་མིང་གཞན་ལ་ H1N1 ཞེས་ཀྱང་བརྗོད་ཅིང། ཉུང་མཐར་ཡང་ཨ་རིའི་མི་འབོར་གྱི་ཕྱེད་ཀ་ཙམ་ལ་རིམས་ནད་དེ་འགོ་རྒྱུ་ཡིན་པ་མ་ཟད། ཡུལ་མི་ ༣༠།༠༠༠ ནས་ ༩༠།༠༠༠ བར་རྐྱེན་ལམ་དུ་འགྲོ་རྒྱུ་ཡིན་པས། རྒྱུན་ལྡན་གྱི་ཆམ་ནད་ཀྱི་ཤི་གྲངས་ལས་ལྡབ་འགྱུར་གྱིས་མང་བ་ཡོད་ལ། སྨན་ཁང་དག་གི་གཤག་བཅོས་བྱེད་མི་བརྒྱ་ཆ་ ༨༠ ཐམ་པའི་ཉལ་ཁྲི་དེའང་ད་ལྟ་ཕག་ནད་འཕོག་པའི་ནད་པ་དག་ལ་མེད་ཐབས་མེད་པའི་ངང་ཚུལ་དུ་འགྱུར་རྒྱུ་རེད། ཅེས་དང།  དེ་དག་ལ་ལྟ་སྐྱོང་གང་དྲག་དགོས་ངེས་དང། རིང་མིན་ཕྱི་ཟླ་ ༩ པའི་ཟླ་དཀྱིལ་དུ་མི་ས་ཡ་ ༤༠ ལྷག་ལ་སྔོན་འགོག་སྨན་ཁབ་དེ་བརྒྱབ་རྒྱུ་ཡིན་ཚུལ་བཤད་ཡོད་པ་རེད།

ཝ་ཤིན་ཊོན་གྱི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་ཇེམ་སུ་བྷེན་ཊ་ལེ་ཡིས་ James Bentley བརྗོད་དོན་ལ། ནད་རིགས་མངོན་འགོོག་དང་ཚོད་འཛིན་བསྟི་གནས་ཁང་ལ་གཞིགས་ན། ནད་འབུ་དེས་ཉུང་མཐར་ཨ་རིའི་མི་ས་ཡ་ ༡ ཙམ་ནད་པ་བཟོ་རྒྱུ་ཡིན་དང། ཟླ་བ་འདིའི་ནང་དུ་བུ་ཕྲུག་ཚོ་ཕྱིར་སློབ་གྲྭར་ལོག་བྱ་དགོས་ཀྱི་ཡོད་པས་རིམ་ནད་དེ་དེ་བས་ཀྱང་ཁྱབ་སྤེལ་འགྲོ་རྒྱུའི་ཉེན་ཁ་ཡོད་ལ། སྨན་ཁང་དག་ཏུ་ཕག་ཆམ་ནད་པ་གང་མང་ཞིག་སྐྱེལ་དགོས་ཀྱི་ཡོད་པས། ད་ཆ་སྨན་ཁང་དག་གིས་སྙིང་ཁམས་དང་མཚན་མ་གཤག་བཅོས་བྱེད་རྒྱུ་སོགས་ཀྱང་ནར་འགྱངས་གཏོང་དགོས་ངེས་སུ་འགྱུར་ཉེན་ཡོད་པའི་གནས་སྟངས་ཤིག་ཐོན་ཡོད་ཚུལ་འདུག

རྒྱལ་སྤྱིར་ཁྱབ་སྤེལ།
ཇེ་ནི་ཝའི་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་ནས་བཤད་ཚུལ་ལྟར་ན། ཕག་ཆམ་གྱི་ནད་གཞི་ངོས་འཛིན་བྱུང་བ་ནས་བཟུང་མངའ་སྡེ་དང་རྒྱལ་ཁབ་ ༡༧༠ ལྷག་ཙམ་གྱི་ནང་དུ་ཁྱབ་བརྡལ་ཕྱིན་ཟིན་ཅིང། སྤྱིར་ཕག་ཆམ་གྱི་ནད་གཞི་དང་ཆམ་ནད་གཉིས་པོའི་སྔོན་རྟགས་འདྲ་ཡང། ཕག་ཆམ་ནི་ཛ་དྲག་ཅིང་ཉེན་ཚབས་ཆེ་བ་ཡོད་ཚུལ་གསལ་བཤད་བྱས་ཡོད་པ་དང། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གིས་ཀྱང་ཉི་ཧོང་དང། དབྱིན་ཡུལ། ཨ་རི། ཁེ་ན་ཌ། ཆི་ལི་བཅས་ཀྱི་སྙན་ཐོར་གཞིགས་ཏེ། ཕྱི་ཟླ་ ༧ པའི་ཚེས་ ༢༤ ཉིན་སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་ཕག་ཆམ་གྱི་རིམས་ནད་ཕོག་པ་མང་ཆེ་བ་ལོ་ ༡༢ ནས་ ༡༧ བར་ཡིན་ཚུལ་བརྗོད་ཡོད་འདུག

གང་ལྟར་ཡང་ཐེངས་འདིའི་སྲིད་འཛིན་གྱི་ལམ་སྟོན་ལྷན་ཚོགས་ནས་ཚོད་དཔག་སྙན་ཐོ་དེར་ཡིད་ཆེས་བྱེད་འོས་པ་ཞིག་ཏུ་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང། དེའི་ནང་དུ་འཁོད་ཚུལ་ལྟར་ལོ་འདིའི་སྟོན་ཁ་དང་དགུན་ཁའི་ནམ་དུས་གཉིས་ཀྱི་ནང་དུ་ཨ་རིའི་མི་སེར་བརྒྱ་ཆ་ ༣༠ ནས་ ༥༠ བར་ལ་རིམས་ནད་དེ་འགོ་རྒྱུ་ཡིན་པ་དང། ཉུང་མཐར་ཡང་མི་ ༣༠༠།༠༠༠ ལྷག་ལ་སྨན་ཁང་གི་བལྟ་སྐྱོང་ཚན་པའི་ནང་དུ་སྨན་བཅོས་བྱ་རྒྱུ། ཉལ་ཁྲི་བརྒྱ་ཆ་ ༥༠ ནས་ ༡༠༠ བར་གྱི་མཐུན་རྐྱེན་བསྐྲུན་རྒྱུ།  ཉུང་མཐར་ལོ་འདིར་ཁྱོན་མི་ ༣༠།༠༠༠ ནས་ ༩༠།༠༠༠ བར་རྐྱེན་ལམ་དུ་འགྲོ་རྒྱུ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང། ཐེངས་འདིའི་འཆར་འགོད་སྙན་ཐོ་དེ་ནི་འཆར་གཞི་ཙམ་མ་གཏོགས་ལུང་བསྟན་མིན་ཡང། སྙན་ཐོ་དེ་ཡིས་གང་སྟོན་གྱིན་པ་ནི་འབྱུང་འགྱུར་གྱི་ཟླ་འགའི་ནང་ཕག་ཆམ་བསྐྱར་ལོག་དེས་སྤྱི་ཚོགས་དང་སྨན་གྱི་ནུས་པ་རྩ་གཏོར་གཏོང་རྒྱུར་ཉེན་ཁ་ཚབས་ཆེན་ཡོད་ཚུལ་དེ་རེད།

སྨན་ཁང་གི་འབོད་སྒྲ།
ནིའུ་ཇར་སིའི་ New Jersey ཧེཀ་ཀེན་སེག་ Hackensack སྨན་པའི་མཐོ་སློབ་ཁང་གི་སྨན་རམས་པ་པེ་ཊར་གོ་རོས་ Peter Gross ཡིས་བཤད་དོན། གལ་སྲིད་ཚོད་དཔག་སྙན་ཐོའི་ནང་དོན་ལྟར་དོན་དངོས་སུ་དེ་ལྟར་ཞིག་བྱུང་ཚེ། ངའི་བསམ་པར་ཨ་རིའི་སྨན་ཁང་ཐམས་ཅད་ངུ་འབོད་ཀྱིས་ཁེངས་རྒྱུ་ཡིན་པ་བསྙོན་མེད་རེད་ལ། ངེད་ཚོས་ལུང་བསྟན་དེ་འདྲ་ལྟ་བུ་ཞིག་ལ་དོན་དངོས་ཐོག་གདོང་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཕྱི་ལོ་ ༡༩༥༧ དང་ ༡༩༦༨ ལྟ་བུར་མཚོན་ན་སྐབས་དེ་དུས་ཕག་ཆམ་ནད་གཞི་ཕྱོགས་བཞིར་རྒྱ་ཁྱབ་ཏུ་སོང་སྟེ། མི་མང་པོ་ཤི་སྐྱོན་བྱུང་ཡོད་པ་དང། ནད་གཞི་སྔོན་འགོག་མཚོན་པས་སྨན་དང་བཟོ་འཕྲུལ་གྱི་ཡོ་བྱད་ཀྱང་ད་ལྟ་དང་བསྡུར་ན་ཆེས་སྐྱོ་པོ་རེད་ཅེས་བཤད་ཡོད་པ་རེད།

སྲིད་འཛིན་གྱི་སློབ་སྟོན་ཚོགས་ཆུང་།
ཨ་རིའི་སྲིད་འཛིན་གྱི་ཚན་རིག་དང་བཟོ་འཕྲུལ་ལམ་སྟོན་ཁང་གི་ཚོགས་མི་རྣམས་ནི་ཕོ་བྲང་དཀར་པོའི་ཚན་རིག་དང་བཟོ་འཕྲུལ་སྡེ་ཚན་གྱི་ངེས་སྟོ་ན་པ་ཇོན་ཧོལ་ཌན་ John Holdren དང། མཱ་སཱ་ཅུ་སེཊ་བཟོ་འཕྲུལ་སློབ་ཁང་དང་ཧར་ཝར་ཌི་མཐོ་སློབ་ཁང་གི་གཙོ་འཛིན་ཨེ་རིག་ལེན་ཌར། Eric Lander དེ་བཞིན་མེ་མོ་རལ། ས་ལོན་ཀེ་ཊི་རིང་། སྐྲན་ནད་བསྟི་གནས་ཁང་གི་གཙོ་འཛིན་ཧར་ནོལ་ཌ་ཝར་མཱས་ Harold Varmus བཅས་ཡིན།  ཚོགས་མི་ ༢༡ ལས་གྲུབ་པའི་ལྷན་ཁང་དེ། ཕྱི་ལོ་ ༡༩༧༦ ལོར་ཨ་རིའི་གྲོས་ཚོགས་འོག་མས་གསར་འཛུགས་བྱས་ཤིང། ཚན་རིག་པ་དང་ཆེད་ལས་པ་དེ་དག་གི་ལས་འགན་གཙོ་བོའང་སྲིད་འཛིན་ལ་ཚན་རྩལ་གྱི་གནད་དོན་ཐད་སྲིད་བྱུས་ལག་བསྟར་ཇི་ལྟར་བྱ་དགོས་མིན་གྱི་ལམ་སྟོན་བྱེད་རྒྱུ་དེ་རེད།

གཟུགས་གཞི་ཐང་པོར་གནོད་པ་སྐྱེལ་བ།
སི་ཌི་སིའི་ཆམ་ནད་ CDC’s Flu སྡེ་ཚན་གྱི་ཚན་རིག་བརྟག་དཔྱད་ཁང་གི་མགོ་འཛིན་ཤོ་ Shaw ཡིས་གསུངས་དོན། རིམས་ནད་འགོས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་། ཁོ་ནི་ངེད་ཚོའི་སྤྱི་ཚོགས་ཀྱི་གཟུགས་གཞི་ཐང་ཤོས་དེ་རེད་ཅེས་དང་། ཐེངས་འདིའི་ཕག་ཆམ་ནད་གཞི་དེ་ནི་འདས་ལོའི་ ༡༩༡༨ ལོའི་སི་པན་གྱི་ཆམ་ནད་དེ་དང་འབྲེལ་བ་ཡོད་ཅིང། སྔོན་ཆད་རིམས་ནད་དེས་ཚོད་རྩིས་བྱས་ན་མི་ས་ཡ་ ༥༠ རྐྱེན་ལམ་དུ་བཏང་ཡོད་པ་དང། ཕྱི་ལོ་ ༡༩༥༧ བར་རྒྱལ་ཁམས་ཡོངས་སུ་ཁྱབ་སྤེལ་ཕྱིན་ཡོད། ཐེངས་འདིའི་ཕག་ནད་འདིའི་ཐད་ལ་སྔར་སི་པན་གྱི་ཆམ་ནད་དང་འབྲེལ་འདྲིས་ཡོད་མཁན་ཚོར་འགོག་ནུས་ཆེ་བ་ཡོད་ཚུལ་བཤད་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

13 thoughts on “ཨ་རིའི་མི་འབོར་ཕྱེད་ཀའི་ཉེན་ཁ།

  1. མི་ནག་ཚང་ལུང་རིགས་རྒྱལ།

    ནད་པ་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། སྔར་ནས་ད་བར་གྱི་ཤི་གྲངས་ཡིན་ཚེ་དེ་འདྲ་ཞིག་ཡིན་སྲིད།

    ལྷག་པ་ཚེ་རིང་ལགས། རང་གཞུང་གིས་རོགས་པ་ཅི་གང་ཐུབ་གི་མ་རེད། ཨ་རི་ནས་གླགས་མ་འཁེལ་ཚེ་འཛམ་གླིང་གང་ནས་ཀྱང་གླགས་འཁེལ་གི་མ་རེད། ན་ཚ་འདིའི་རིགས་ནི་རྒྱལ་ཁབ་རིམ་པ་ནས་སྔོན་འགོག་བྱ་དགོས་ཀྱི་ཡོད་སྟབས། རྒྱ་གར་ནང་གི་བོད་པ་ཚོར་རྒྱ་གར་གྱི་མི་སེར་སྤྱི་མཚུངས་ལྟར་རྒྱ་གར་དབུས་གཞུང་དང་མངའ་སྡེ་ཁག་ནས་གཟིགས་རྟོག་གནང་གི་རེད། བཙན་བྱོལ་བོད་གཞུང་གིས་རྒྱ་གར་གཞུང་ལ་རམ་འདེགས་ཙམ་མ་གཏོགས་བྱ་ཐུབ་གི་མ་རེད།

    ཁ་ཉིན་དཔལ་འབྱོར་བཀའ་བློན་གྱི་མཚན་ཐོག་ནས་ངྷ་རམ་ས་ལར་ན་ཚ་དེ་བསླེབས་མེད་ཅེས་ཁྱབ་བསྒྲགས་གནང་བ་ནི་དབང་ཚད་ལས་བརྒལ་བའི་བསྒྲགས་གཏམ་ཞིག་རེད། ངྷ་རམ་ས་ལ་ནི་བོད་པ་སྐྱབས་བཅོལ་བ་ཙམ་མིན་པར་རྒྱ་གར་གྱི་ཡུལ་མི་མང་པོ་ཡོད་པ་རེད། ན་ཚ་འདི་ནི་འཛམ་གླིང་གང་སར་ཁྱབ་བཞིན་པའི་རིམས་ནད་ཅིག་རེད། དེར་བརྟེན་འདི་དག་ཐམས་ཅད་ཀྱི་མགོ་ཁེབས་པའི་གསལ་བསྒྲགས་དེ་འདྲ་ཞིག་སྤེལ་བ་ནི་ཅུང་ཐལ་དྲགས་པ་རེད་སྙམ།