རྒྱ་ནག་གི་འོག་ཏུ་བོད་ལ་ཆོས་དད་རང་དབང་མི་འདུག ཨ་རིའི་སྙན་ཐོ།

༧གོང་ས་མཆོག་གི་ཝ་ཤིན་ཊོན་གྱི་ཆིབས་བསྒྱུར་གྱི་བདུན་ཕྲག་འགའི་རྗེས་དང་། ཨ་རྒྱ་གཉིས་ཀྱི་ཚོགས་འདུ་མ་ཚུགས་པའི་སྔོན་འདིར། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྙན་ཐོ་ཞིག་བཏོན་ཏེ། བོད་ནང་གི་ཆོས་ཕྱོགས་ཀྱི་འགོག་སྡོམ་ཚད་མཐོན་པོ་ཆགས་འདུག་ལ། རྒྱ་ནག་གཞུང་གིས་དགོན་སྡེ་ཁག་དང་ཆོས་ལུགས་ཀྱི་སྡེ་ཚན་ཁག་ལ་སྟངས་འཛིན་བྱེད་སྟངས་དེ་དམིགས་བསལ་གྱིས་དམ་པོ་ཡིན་པར་བཤད་འདུག

ཕྱི་ཚེས་ ༢༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས་ ༢༠༠༩ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་སྒྲོག་སྦྱང་བྱས་པའི་ནང་བཀོད་དོན། ཆོས་དད་རང་དབང་གི་གནད་དོན་ནི་ང་ཚོའི་ཕྱི་འབྲེལ་གྱི་རྩ་འཛིན་གལ་ཆེ་ཤོས་ཡིན། ཅེས་གསུངས་ལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དུས་ཐོག་གི་སྙན་ཐོ་འདི་ལ་དགའ་བསུ་དང་འབྲེལ། སྙན་ཐོ་འདིས་འདས་པའི་ལོ་གཅིག་རིང་གི་བོད་ནང་གི་ཆོས་དད་རང་དབང་གི་དོན་རྐྱེན་དག་གི་རྒྱབ་ངོས་ཀྱི་གནད་དོན་དང་དོན་རྐྱེན་དག་ལ་སྤྱི་སྡོམ་གསལ་བོ་ཞིག་བརྒྱབས་ཡོད་པར་བཤད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྲིད་གཞུང་འབྲེལ་མཐུད་འགན་འཛིན་ ཊོ་ཌེ་སི་ཐན་གྱིས་བཤད་དོན། སྙན་ཐོ་འདིས་བདུན་གསུམ་གྱི་ནང་ཚུད་སྲིད་འཛིན་ཨོ་བྷ་མ་པེ་ཅིན་དུ་ཕེབས་དུས་ཀྱི་བྱ་གཞག་གང་ཡིན་སྟོན་དགོས་ལ། གོ་སྐབས་འདི་དང་བསྟུན་ཏེ་སྲིད་འཛིན་ཨོ་བྷ་མས། ཨ་རིའི་གཞུང་ནི་རྒྱ་ནག་ནང་དུ་ཆོས་ལུགས་དད་མོས་ཀྱི་རང་དབང་རྩོད་ལེན་བྱེད་པར་ཁྲིམས་ཆད་ཕོག་མཁན་བོད་མི་རྣམས་དང་མི་རིགས་གཞན་རྣམས་ཀྱི་ཕྱོགས་སུ་ལངས་ཡོད་པ་བསྐྱར་དུ་གསལ་སྟོན་བྱ་དགོས་སྐོར་ཞུས་ཡོད་པ་རེད།

ཨ་རིའི་གཞུང་གི་སྙན་ཐོ་དེའི་ནང་དུ། བོད་ནང་གི་ཆོས་ལུགས་རང་དབང་ལ་དམ་དྲག་བྱས་པ་ཙམ་དུ་མ་ཟད། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་ཏཱ་ལའི་བླ་མའི་འབྲེལ་བའི་ཐད་འཛིན་པའི་དོགས་ཟོན་དེ་མུ་མཐུད་ནས་ལྷག་ཡོད་ལ། རྒྱ་ནག་གིས་རང་གི་རྩ་ཁྲིམས་ནང་ཡོད་པའི་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་ཙམ་ལ་མ་གཏོགས་སྲུང་སྐྱོབ་བྱས་མེད་པར་བཤད།
ཨ་རིའི་སྙན་ཐོ་དེའི་ནང་གི་སྤྱི་ཁོག་ལྟ་བུ་ནི། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་ཚད་གཞིའི་ནང་དུ་བྱུས་གཏོགས་བྱས་ཏེ། དགོན་པ་དག་ནང་གི་དགེ་འདུན་པའི་ཞལ་གྲངས་ལ་ཚོད་འཛིན་དང་། དགེ་འདུན་པ་རྣམས་ཕྱོགས་ཕེབས་གནང་ཡུལ་གྱི་ས་ཆར་ཚོད་འཛིན། ཕྱི་རྒྱལ་བ་རྣམས་ལ་ཐོངས་མཆན་མི་སྤྲོད་པ་དང་སྐབས་རེར་རྫོང་གཅིག་གི་ནང་དུ་འགྲོ་བསྐྱོད་ཀྱི་ཆོག་མཆན་མི་སྤྲོད་པ། བོད་པའི་སྤྲུལ་སྐུ་ཆུང་ཆུང་ཚོར་སློབ་གསོའི་བརྒྱུད་སྐུལ་འོག་གཞུང་གི་ལངས་ཕྱོགས་སུ་བེད་སྤྱོད་བྱེད་པ། གཞུང་གི་ལས་བྱེད་རྣམས་ལ་རང་གི་བུ་ཕྲུག་རྣམས་ཆོས་ལུགས་ཀྱི་སློབ་གསོའི་ཕྱོགས་ནས་ཕྱིར་འཐེན་བྱ་རྒྱུའི་གནོན་ཤུགས་སྤྲོད་པ་སོགས་བཀོད་ཡོད་འདུག

སྙན་ཐོ་དེའི་ནང་དུ་ ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ཞི་བའི་ངོ་རྒོལ་དག་དང་དེའི་ཕན་གྱི་ངོ་རྒོལ། རྗེས་ཀྱི་ངོ་རྒོལ་དང་བཀག་ཉར། ཁྲིམས་གཅོད་ཅི་བྱུང་ཚང་མར་ཞིབ་ཆའི་བསྐྱར་ཞིབ་བྱས་ཡོད་ཅིང་། དེའི་ནང་དུ་ལོ་འདིའི་ཕྱི་ཟླ་ ༢ པའི་ནང་གི་ཞི་བའི་ངོ་རྒོལ་དང་། ཕྱི་ཟླ་གསུམ་པའི་ནང་དུ་ ༢༠༠༨ ཀྱི་ཞི་བའི་ངོ་རྒོལ་ལོ་གཅིག་འཁོར་བའི་རྗེས་དྲན་སོགས་ཀྱང་ཚུད་ཡོད།

མི་སྒེར་གྱི་གྱོད་དོན་སྐོར་ནས་ཕུར་བུ་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་དང་བཙུན་མ། མི་སྐྱ་བཅས་ལ་མི་སྤྱོད་ལས་འདས་པའི་ཁྲིམས་གཅོད་བྱས་པ་སྟེ། གཅར་རྡུང་དང་དུས་ཡུན་རིང་པོར་ཟས་གཅོད། ཆུ་གཅོད། གཉིད་གཅོག་གི་ཉེས་ཁྲིམས་གཏོང་བ། འདྲི་བརྩད་སྐབས་སུ་མི་ཁག་ཅིག་འདས་གྲོངས་སུ་ཕྱིན་པའི་བེམ་པོ་རྣམས་ནང་མིར་རྩིས་སྤྲོད་མ་བྱས་པར་གསང་སྟབས་ཀྱིས་དུར་སྦས་བྱས་པ་ཡང་བཀོད་ཡོད་འདུག

དེ་བཞིན་དུ་ད་སྐབས་དགོན་པ་ཁག་གི་ནང་དུ་ཛ་དྲག་རྣམ་པར་ཡོད་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་ཞིབ་ཕྲའི་འཕེལ་རིམ་དང་། དེ་དག་ད་སྐབས་དགོན་པ་དག་གི་ནང་དུ་རྒྱུན་ལྡན་གྱི་འཛིན་སྐྱོང་ཆ་ཤས་སུ་གྱུར་ཡོད་ཚུལ། བོད་མི་དཀྱུས་མ་རྣམས་ལ་༧གོང་ས་ཏཱ་ལའི་བླ་མ་དང་ཁོང་གིས་ངོས་འཛིན་གནང་བའི་པན་ཆེན་ཆོས་ཀྱི་ཉི་མ་མཆོག་གཉིས་ལ་དངོས་ཤུགས་གང་རུང་ནས་འབྲེལ་བ་ཡོད་པའི་དད་རྟེན་བཤམ་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༩/༡༠/༢༨

Leave a Reply

10 thoughts on “རྒྱ་ནག་གི་འོག་ཏུ་བོད་ལ་ཆོས་དད་རང་དབང་མི་འདུག ཨ་རིའི་སྙན་ཐོ།