གསོན་པོར་གནས་པའི་སེམས་ཤུགས་བསྐྱེད་ཤོག

བོད་མི་གཅིག་བདེ་ཐང་ངང་གསོན་པོར་གནས་པ་ཡིན་ནའང་། བོད་ཀྱི་བདེན་དོན་ལ་ཕན་ཐོགས་ཡོང་གི་ཡོད་སྟབས། ཚང་མས་གཟུགས་པོ་བདེ་ཐང་དང་གསོན་པོར་གནས་ཐུབ་པའི་སེམས་ཤུགས་བསྐྱེད་ཤོག་ཅེས་༧རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་ཚོར་བཀའ་སློབ་གནང་ཡོད།

ཕྱི་ཚེས་ ༢ ཉིན་ནས་ ༧ བར་༧རྒྱལ་བ་ཀརྨ་པ་མཆོག་རྒྱ་གར་ལྷོ་ཕྱོགས་མེ་སོར་དུ་ཆིབས་བསྒྱུར་དང་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད་ལ། ཚེས་ ༦ ཉིན་གྱི་ཉིན་རྒྱབ་མེ་སོར་ཚོགས་ཁང་ནང་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་གཉིས་ནང་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་ཏེ་འདས་གྲོངས་སུ་སོང་བ་རྣམས་ཀྱི་དོན་དུ་བསྔོ་སྨོན་གསུངས་ཡོད་ལ། ཉིན་དེར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མགོ་གཉིས་གཙོས་མང་ཚོགས་དང་ཀོ་ལི་གྷལ། ཧོང་སུར་སོགས་ཀྱི་སེར་སྐྱ་མང་ཚོགས་ཉིས་སྟོང་བརྒལ་བ་འདུ་འཛོམས་བྱུང་ཡོད།

ཉིན་དེར་༧རྒྱལ་བ་ཀརྨ་པ་མཆོག་གིས་བཀའ་སློབ་གནང་དོན། ཐེངས་འདིར་ང་རང་མའེ་སོར་དུ་ཡོང་དོན་བྱ་བཞག་གཞན་པ་དང་དུས་ཚོད་མང་བོ་མེད་སྟབས། ལྷོ་གཞིས་ཁག་དང་ཆོས་སྡེ་ཁག་ཏུ་མཛད་འཆར་ཞུ་བའི་གོ་སྐབས་མ་བྱུང་མོད། མ་འོངས་པར་ཡང་དང་ཡང་དུ་གོ་སྐབས་ཡོང་གི་རེད་བསམ་གི་འདུག་ཅེས་ཐེངས་འདིར་མཛད་འཆར་གྱི་དབང་གིས་ལྷོ་ཕྱོགས་གཞིས་ཆགས་ཁག་དང་ཆོས་སྡེ་ཁག་ཏུ་ཕེབས་མ་ཐུབ་པའི་སྐོར་གསུངས་ཡོད་ལ། གཞུག་ཕྱོགས་བསྐྱར་དུ་ཕེབས་ཐུབ་པའི་ཐུགས་རེ་ཡང་གནང་གི་ཡོད་འདུག

དེ་བཞིན་ཁོང་གིས་སྦེལ་ཀོབ་གཞིས་ཆགས་ལྟ་བུར་མཚོན་ན་མི་གྲངས་མང་བ་དང་། དཔལ་འབྱོར་གྱི་གནས་སྟངས་ཀྱང་ཡག་པོ་ཡོད་པ་མ་ཟད། རིས་མེད་ཀྱི་ཆོས་སྡེ་ཆེ་ཁག་མང་བོ་ཞིག་དེ་རུ་ཡོད་སྟབས། ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ཕུན་སུམ་ཚོགས་པའི་གཞིས་ཆགས་ཤིག་ཆགས་བསྡད་ཡོད་ལ། དེ་ལྟར་དཔལ་དང་འབྱོར་བས་རྒྱན་པ་ནང་བཞིན། མདོ་དོན་གཙོ་བོ་བོད་སྤྱི་དང་ཆོས་དང་རིག་གཞུང་། ཆོལ་ཁ་དང་ཆོས་བརྒྱུད་ཕན་ཚུན་གྱི་མཐུན་སྒྲིལ་བཅས་ཀྱི་ཆེད་དུ་མི་རེ་རེ་བཞིན་ནུས་པ་དང་ལྡན་པའི་སྲི་ཞུ་བསྒྲུབ་དགོས་པ་རེད་ཅེས་གསུངས་ཡོད་ལ། ཡང་ཁོང་གིས། ཚང་མས་མཁྱེན་གསལ་ལྟར་བོད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་ཟེར་ན། ཛ་དྲག་ཏུ་དྲག་ཏུ་འགྲོ་བ་དང་སེམས་ཁྲལ་ཆེ་རུ་ཆེ་རུ་འགྲོ་རྒྱུ་ལས། སེམས་ལྷོད་ལྷོད་དང་སྐྱིད་པོ་བྱས་ནས་སྡོད་པའི་དུས་ཚོད་ཅིག་གཏན་ནས་ཆགས་མེད་སྟབས། ཚང་མས་སྔར་བས་ཀྱང་ལྡབ་འགྱུར་གྱིས་ལྷག་བསམ་རྣམ་དག་དང་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་གལ་ཆེན་པོ་རེད་ལ། དེ་ནི་༧གོང་ས་མཆོག་གཙོར་གྱུར་བའི་བསྟན་འཛིན་གྱི་སྐྱེ་བུ་དམ་པ་མང་བོས་ཡང་དང་རིམ་གྱིས་གསུང་བཞིན་པ་ཞིག་ཀྱང་རེད་ཅེས་གསུངས་ཡོད།

དེ་བཞིན་གཞིས་སུ་ཡོད་པའི་བོད་མི་ལྷག་བསམ་ཅན་དག་གིས་ཐབས་ལམ་གཞན་བརྒྱུད་ནས་ང་ཚོ་ལ་རེ་བ་དང་ཡིད་ཆེས་བྱེད་བཞིན་པ་དེ་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། ང་ཚོ་འདི་རུ་དཔལ་འབྱོར་ཅུང་ཙམ་ཡག་པོ་ཆགས་པ་དང་གྲ་རྒྱས་པོ་ཅུང་ཙམ་ཆགས་དུས། སྔར་འཕྲད་པའི་དཀའ་སྡུག་གི་རི་མོ་དག་ཕར་ཡལ་ཏེ། སོ་སོའི་རྒྱུ་ནོར་ལོངས་སྤྱོད་སོགས་མིག་ལ་འཁོར་ཡོང་གི་ཡོད་པ་རེད། སྤྱིར་འཚོ་གནས་ཀྱི་ཆེད་དུ་དཔལ་འབྱོར་དང་ལོངས་སྤྱོད་ངེས་པར་དུ་དགོས་པ་ཞིག་ཡིན་ནའང་། དེ་ལས་ཀྱང་གལ་ཆེ་བ་ནི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་དེའི་དམིགས་འདུན་བརླག་ན་མ་འགྲིག་པ་རེད་ཅེས་ཀྱང་གསུངས་ཡོད།

ཁོང་གིས་མུ་མཐུད་སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར་ལ་བཀའ་སློབ་གནང་དོན། ཀར་ན་ཊ་ཀའི་མངའ་སྡེ་ལྟ་བུར་མཚོན་ན་མངའ་སྡེ་ཆུང་ཆུང་ཞིག་མ་གཏོགས་མེད་ནའང་། ཁོང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་འདུག་ལ། ཚགས་པར་དང་ལམ་གྱི་གཡས་གཡོན་གྱི་སྦྱར་བྱང་། ཅ་དངོས་ཐོག་གི་མིང་སོགས་ཁོང་ཚོ་རང་ཉིད་ཀྱི་སྐད་ཡིག་ནང་བྲིས་ཏེ། སོ་སོའི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་ང་ཚོ་བོད་ཀྱི་སྤྱི་ཚོགས་རྒྱ་ཆུང་ཆུང་ཞིག་མ་གཏོགས་མེད་ནའང་། སོ་སོའི་སྐད་དང་ཡི་གེ་སྲུང་སྐྱོབ་བྱེད་པའི་ཁོར་ཡུག་སྲ་བརྟན་ཞིག་བསྐྲུན་རྒྱུ་གལ་ཆེན་པོ་རེད་ལ། ལྷག་པར་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་གཞི་རྒྱ་སྔར་བས་ཀྱང་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེང་སྐབས་དབྱིན་སྐད་དང་རྒྱ་སྐད་ཀྱི་ཚིག་རེ་ཟུང་མ་བརྒྱབ་ན་བོད་སྐད་ནང་ཐ་སྙད་འདང་གི་མི་འདུག་ཟེར་མཁན་ཡོང་གི་ཡོད་མོད། དོ་སྣང་བྱས་པ་ཡིན་ན་ཚན་རིག་དང་དེང་རབས་ཀྱི་ཅ་དངོས་གསར་བ་གང་འདྲ་ཞིག་ཡིན་ནའང་། བོད་སྐད་ནང་ལབ་མ་ཐུབ་པ་ཨེ་ཡོད་ན་བསམ་གི་འདུག་ཅེས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར་ལ་བཀའ་སློབ་ཤུགས་ཆེར་གནང་ཡོད།

གཞན་ཡང་། ཁོང་གིས་ང་ཚོ་བོད་ལྟ་བུར་མཚོན་ན་འཛམ་གླིང་གི་གཙུག་རྒྱན་ལྟ་བུ་དང་འཛམ་གླིང་ཁོར་ཡུག་གི་ཆ་ནས་ཀྱང་ཧ་ཅང་གི་གནད་གནད་ཆེ་བའི་གནས་ཤིག་ཆགས་ཡོད་སྟབས། གལ་སྲིད་བོད་ཀྱི་ཁོར་ཡུག་ལ་ཉམ་ཆག་ཕྱིན་པ་དང་བོད་དུ་ཡོད་པའི་གངས་རི་དང་འཁྱག་རོམ་དེ་ཚོ་ཞུ་སྟེ། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་མང་བོའི་ཆུ་རྒྱུན་ཆད་ཚེ། འཛམ་གླིང་གི་མི་ས་ཡ་བརྒྱ་ཕྲག་མང་བོར་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཆེན་པོ་འཕྲད་ངེས་ཡིན་སྟབས། བོད་ཀྱི་གནད་དོན་ནི་ཆབ་སྲིད་དང་མི་རིགས་ཤིག་གི་གནད་དོན་གཅིག་པུ་མིན་པར་འཛམ་གླིང་སྤྱིའི་གནད་དོན་དང་། ཨེ་ཤ་ཡའི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད། དེར་བརྟེན་འཛམ་གླིང་གི་མི་ཚང་མས་དོ་སྣང་དང་སྲུང་སྐྱོབ་བྱེད་དགོས་པ་ཞིག་ཡིན་ནའང་། ང་ཚོ་བོད་མི་ཚོར་མཚོན་ན་སོ་སོ་རང་ཉིད་ཀྱི་ས་ཆ་ཡིན་སྟབས། ང་ཚོས་འགན་འཁུར་ཏེ་སྲུང་སྐྱོབ་ཀྱི་བྱ་བ་སྔར་ལས་ལྷག་ཅིག་བྱེད་ཐུབ་ཚེ་གཞན་གྱི་རྒྱབ་སྐྱོར་རག་གི་རེད་ཅེས་སོགས་གསུངས་ཡོད།

མཇུག་མཐར་ཁོང་གིས་བོད་མི་ཚོས་རང་ཉིད་ཀྱི་ཉིན་རེའི་འཕྲོད་བསྟེན་ལ་གཟབ་དགོས་པ་དང་། ན་ཚ་མ་བྱུང་བའི་སྔོན་ནས་སྔོན་འགོག་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་གནང་བ་མ་ཟད། བོད་མི་གཅིག་བདེ་ཐང་ངང་གསོན་པོར་གནས་པ་ཡིན་ནའང་། བོད་ཀྱི་བདེན་དོན་ལ་ཕན་ཐོགས་ཡོང་གི་ཡོད་སྟབས། ཚང་མས་གཟུགས་པོ་བདེ་ཐང་དང་གསོན་པོར་གནས་ཐུབ་པའི་སེམས་ཤུགས་བསྐྱེད་ཤོག་ཅེས་གསུངས་ཡོད།

གསར་འགོད་པ་ཨ་རིག་འགྱུར་མེད་ཀྱིས་ལྷོ་ཕྱོགས་ནས་སྤེལ།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

9 thoughts on “གསོན་པོར་གནས་པའི་སེམས་ཤུགས་བསྐྱེད་ཤོག

  1. འདན་སྲས་ཐུ་བོ།

    འདས་དོན་ལ་བསམ་གཞིག་བྱས་ན་ང་ཚོ་བོད་པ་ཚང་མཐུན་ལམ་མེད་པས་ཕམ་ཁ་བསམ་ཡུལ་ལས་འདས་པ་བྱུུུུུུུུང་བ་རེད། དེས་ང་ཚོས་མཐུན་ལམ་ལ་ཤུགས་བརྒྱག་དགོས་ཡ་དེ་ཡག་པོ་ཞེ་དྲག་རེད་དྲན་གྱི་འདུག