ལྷ་སའི་གནས་སྟངས་ད་ལྟའང་ཛ་དྲག་རེད་ཟེར།

ད་ལྟའི་དུས་འདིར་རྒྱ་གཞུང་གིས་བོད་མི་ཚོར་དམིགས་བསལ་གྱི་དབྱེ་འབྱེད་དང་ཁྲིམས་ལུགས་དམིགས་བསལ་བ་ལག་བསྟར་བྱས་ཏེ། བོད་མི་གྲྭ་པ་དང་སློབ་མ། ཞིང་པ་དང་ཚོང་སོགས་བོད་མི་ཡོད་དོ་ཅོག་ལ་སྔར་མེད་ཀྱི་དཀའ་ངལ་སྤྲོད་བཞིན་འདུག་ཟེར།

ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང། ད་ལྟ་ངྷ་ས་དབུས་སྣེ་ལེན་ཁང་དུ་ཡོད་པའི་ལྷ་ས་ལྷོ་ཁ་ས་ཁུལ་གྱི་ཚེ་རིང་ལགས་སུ་ན་ནིང་ནས་བཟུང་ལྷ་ས་གྲོང་ཁྱེར་གཙོས་ལྷོ་ཁ་ས་ཁུལ་སོགས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་སྐོར་ལ་བཀའ་འདྲི་ཞུས་པར། ཁོང་གིས། ལོ་སྔོན་མའི་དོན་རྐྱེན་བྱུང་བ་ནས་བཟུང་ལྷ་སར་གནས་སྡོད་ཚོང་བ་དང་ཞིང་པ། ལས་བྱེད་དང་སློབ་མ། གྲྭ་པ་སོགས་བོད་མི་ཡོངས་ལ་སྔར་དང་མ་འདྲ་བའི་དཀའ་ངལ་ཞིག་འཕྲད་ཡོང་གི་ཡོད་པ་དང་།  ལྷག་པར་དུ་དགོན་སྡེ་ཁག་ལ་མཚོན་ན་ད་ལྟའི་དུས་འདིར་འདས་ལོ་ལས་དམ་དྲག་ཤུགས་ཆུང་དུ་ཕྱིན་པ་ལྟར་སྣང་ཡང། དོན་ངོ་མར་སེ་འབྲས་དགའ་གསུམ་དང་གཙུག་ལག་ཁང། པོ་ཏ་ལ། ར་མོ་ཆེ་སོགས་སུ་དམག་མི་སྐོར་འཇོག་གིས་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་ཀྱིན་པ་མ་ཟད། ལྷ་སར་གནས་སྡོད་བོད་མི་ཚོ་ཉེ་ཁུལ་དུ་བསང་གསོལ་ལ་འགྲོ་བར་ཡང་རྒྱ་ནག་གཞུང་གིས་བཀག་སྡོམ་དང་དམ་དྲག་ཤུགས་ཆེར་བྱེད་ཀྱིན་པའི་གནས་སྟངས་སུ་ལྷག་ཡོད་པ་རེད།  དེ་བཞིན། རྒྱ་གཞུང་གིས་ན་ནིང་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག  སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་དང་། ད་ལྟའི་དུས་འདིར་ཡང་བོད་མི་མང་པོ་ཞིག་གིས་བཙོན་ཁང་དུ་སྡུག་སྦྱོང་དང་མནར་གཅོད་མྱངས་དང་མྱོང་བཞིན་ཡོད་པ་ལྟར། བཙོན་ཁང་ནས་གློད་གྲོལ་ཐོབ་པའི་བཙོན་པ་དེ་དག་མང་ཆེ་བ་རྐང་ལག་སྐྱོན་ཤོར་བ་དང་ཁོག་པའི་ནང་ལ་སྐྱོན་ཤོར་བ། ཀླད་པ་སྐྱོན་ཤོར་བ་སོགས་བོད་མི་དེ་དག་མ་འོངས་པའི་མི་ཚེ་ནང་ཕན་ཐོགས་ཅི་ཡང་མེད་པའི་མི་རུ་བཏང་ཡོད་པ་དེ་འདྲ་རིགས་མང་པོ་མཐོང་རྒྱུ་འདུག་ལ། དེ་མིན་ད་ལྟའི་དུས་འདིར་ང་རང་གིས་དངོས་སུ་ཤེས་རྟོགས་བྱུང་བའི་ལྷ་ས་ཁུལ་ཏུ་དཀའ་ངལ་དང་སྙིང་རྗེ་སྐྱེ་ཡུལ་གནས་ཚུལ་ཞིག་ཡོད་པ་ནི། ལོ་སྔོན་མའི་གསུམ་པའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་ནང་མི་དང་། ལས་བྱེད་མི་སྣ་དོན་རྐྱེན་ཁྲོད་འཛུལ་ཞུགས་ཀྱིས་ལས་ཤོར་བྱུང་སྟེ་ནང་མིའི་འཚོ་བར་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་མང་པོ་བྱུང་འདུག  དེ་དག་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཞེ་དྲག་རེད། ཅེས་བརྗོད་བྱུང་ལ།  ཡང་ཁོང་གིས་ལྷ་ས་ཁུལ་གྱི་ཚོང་པའི་གནས་སྟངས་དང་སློབ་གྲྭའི་གནས་སྟངས་སོགས་ཀྱི་ཐད་བརྗོད་དོན། ལོ་སྔོན་མའི་དོན་རྐྱེན་ནས་བཟུང་ལྷ་སར་བོད་རྒྱ་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེ་རུ་ཕྱིན་འདུག་ལ། རྒྱ་གཞུང་གིས་ཀྱང་། བོད་པ་དང་རྒྱ་མི་གཉིས་ལ་ཁྲིམས་ལུགས་གཉིས་ཀྱི་ཐོག་ནས་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་མངོན་གསལ་དོད་པོ་རེད།  ང་ལྷ་སའི་ནང་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་ཕྱིན་པ་ཡིན་ལ། ཉེ་བའི་དུས་ནས་རྒྱ་མི་འབོར་ཆེན་བོད་ནང་གནས་སྤོར་བྱས་པའི་ཉེར་ལེན་གྱིས་བོད་ཀྱི་ཚོང་བ་ཚོར་རང་ས་རང་ཡུལ་ནས་ཚོང་ལས་གཉེར་སའི་ས་མི་རག་པའི་གནས་སུ་གྱར་ཡོད་པ་མ་ཟད། ཚོང་ལས་རྒྱུགས་ཆེ་ས་དང་ཚོང་གསོག་གི་ནུས་ཤུགས་ཡོད་མཁན་མང་ཆེ་བ་རྒྱ་མི་ཆགས་ཡོད་འདུག དེ་བཞིན་སློབ་གྲྭ་ཁག་ལ་མཚོན་ནའང་རྒྱ་རིགས་སློབ་མ་མང་པོས་བོད་རིགས་སློབ་མའི་ཐོབ་ཐང་བེད་སྤྱད་དེ་སློབ་ཆེན་དུ་འཛུལ་བ་དང་ལས་གནས་ལ་ཞུགས་པ་སོགས་བྱས་ཏེ། བོད་ཀྱི་འབུམ་རམས་པ་དང་སློབ་ཆེན་སློབ་མ་སོགས་ཅི་འདྲ་ཡིན་ཡང་ལས་ཀ་རག་ཁག་པའི་དཀའ་ངལ་སོགས་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་མི་རིགས་དབྱེ་འབྱེད་དང་གཉའ་གནོན་གྱི་ལས་རིགས་མང་པོ་བེད་སྤྱོད་བྱེད་ཀྱིན་ཡོད་སྟབས་བོད་མི་ཚོར་དཀའ་ངལ་གང་མང་རིམ་གྱིས་ཕྲད་དང་འཕྲད་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་། 

མཐར་ཁོང་གིས་རེ་སྐུལ་དང་བཅས་བརྗོད་དོན། བོད་ནང་གི་གནས་སྟངས་དེ་དག་ལ་གཞིགས་ཏེ། ང་ཚོ་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མི་ཚོས་༧གོང་ས་མཆོག་གི་བཀའ་གསུང་དང་ལེན་གྱིས་དྲང་པོ་དྲང་བཞག་གིས་བོད་ནང་གི་བོད་མི་ཚོར་སྙིང་རྗེ་དང་འགན་འཁུར་ཡོད་པའི་ལས་ཀ་ཞིག་བསྒྲུབ་རྒྱུ་དང་། མ་འོངས་པར་ང་ཚོ་བཙན་བྱོལ་བོད་གཞུང་དང་ཕྱི་སྡོད་བོད་མི་རྣམས་ཀྱིས་འདས་སོང་དཔའ་བོ་དཔའ་མོ་ཚོའི་ནང་མི་ལ་དཔལ་འབྱོར་སོགས་ཀྱི་མཐུན་རྐྱེན་རོགས་རམ་ཞིག་གནང་རོགས་ཅེས་འབོད་སྐུལ་ཡང་གནང་སོང།

ཚེ་རིང་ལགས་ནི་སྤྱི་ལོ་ ༢༠༠༢ རྒྱ་གར་ནང་འབྱོར་བ་ཞིག་ཡིན་འདུག་ལ། ཕྱིར་བོད་ནང་ལོག་རྗེས་ཚོང་ལས་ཀྱི་ཞོར་དུ་ལྷ་ས་དང་ལྷོ་ཁ་ཁུལ་གྱི་བོད་མིའི་གནས་སྟངས་སྐོར་ལ་ཉམས་ཞིབ་བྱས་ཡོད་པ་མ་ཟད། མི་ལོ་ ༧ རིང་ཁོང་གིས་༧གོང་ས་མཆོག་གི་གསུང་ཆོས་སྐོར་གྱི་འོད་སྡེར་དང་བཀའ་སློབ་སོགས་བཀྲམས་པ་ཡིན་ཞེས་གསར་འགོད་པར་བརྗོད་བྱུང། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ལྷ་སའི་གནས་སྟངས་ད་ལྟའང་ཛ་དྲག་རེད་ཟེར།

  1. གངས་རིའི་གླིང་བུ།

    ཚེ་རིང་ལགས་ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རངས་དང་བསྔགས་བརྗོད་ཞུ།  བཙན་བྱོལ་བ་ཚོར་ཁ་རུ་ཁ་ཐུག་གི་ཚོར་ཤུགས་ཆེན་པོ་ཞིག་ཡོད་པ་རེད།  ཡིན་ཡང་དོན་དམ་པའི་ཚོར་ཤུགས་རྒྱུན་ལྡན་ཞིག་མེད་ཚོད་རེད།   དེ་བས་དཀའ་སྡུག་ཞུ་བ་ཡིན་ན་ཡང་ཉན་འཇོག་བྱེད་མཁན་ཉུང་ཉུང་རེད།

  2. གླག་སྨྱོན།

    ཛ་དྲག་མིན་པའི་དུས་ཤིག་ལ་ང་ཚོས་རེ་སྒུག་བྱས་ཡོད་ཀྱང་དེ་ནི་ཧ་ཅང་དཀའ་མོ་ཞིག་རེད། ཛ་དྲག་ལས་སྐྱོབས་བྱེད་མེད་པར་ལྟ་བུ་ཞིག་ཡིན་པར་བསམ་ན་ཅིས་ཀྱང་ནས་དཀའའོ།

  3. རིགས་པའི་གླེང་བུ།

    བླ་མ་མཁྱེན། ཡིན་ནའང་དམག་མི་ཡོད་པ་དང་འགྲོ་བ་ཙམ་ལ་ང་ཚོ་ཡ་མཚན་སྐྱེ་དོན་མི་འདུག་ ཁོང་ཚོ་ལ་ང་ཚོས་རྙོག་ཀྲ་བཤད་ན་མ་གཏོགས་གནོད་བྱེད་ཀྱི་མི་འདུག་ དེ་ནི་ང་རང་གི་དངོས་སུ་མཐོང་པའི་གནས་ཚུལ་ཡིན།

  4. གྲགས་པ་རྒྱ་མཚོ།

    ལྷ་ས་གཙོས་པའི་བོད་གང་སར་དམག་མི་རྣམས་ཀྱིས་དམག་ཆས་མ་སྤྲས་པར་ཆས་བཅོས་མར་གོན་ཏེ་ལྟ་རྟོག་བྱེད་ཀྱི་ཡོད་འདུག བོད་མི་ཡོངས་རྫོགས་བཙོན་པ་ལྟ་བུ་རང་དབང་མི་འདུག ད་གང་དྲག་བོད་པ་རྣམས།