ལྔ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་མཁས་པའི་བགྲོ་གླེང།

ས་རཱ་མཐོ་སློབ་ཀྱིས་གོ་སྒྲིག་ཞུས་པའི་མཁས་པའི་བགྲོ་གླེང་ཚོགས་འདུ་ནི། ཚེས་བཅུ་བདུན་ཉིན་ནས་མགོ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་མཇུག་བསྡུ་གནང་གི་ཡོད་འདུག་ཅིང། བགྲོ་གླེང་དེར་སྐྱ་སེར་མི་སྣ་བཅུ་བདུན་གདན་འདྲེན་ཞུས་ཡོད་པ་དེ་དག་གིས། བརྡ་སྤྲོད་དང།  རྩོམ་རིག ལོ་རྒྱུས། ནང་ཆོས་རིག་གནས་བཅས་ཀྱི་སྐོར་དང་། ཕྱོགས་མཚུངས་ས་རཱ་མཐོ་སློབ་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པ་འཛུགས་འཆར་དེར་སློབ་དེབ་ཅི་ཞིག་བཀོད་སྒྲིག་བྱ་རྒྱུ་བཅས་ཀྱི་ཐད་བགྲོ་གླེང་གནང་མུས་རེད།

ཚེས་བཅུ་བདུན་ཉིན་གྱི་བགྲོ་གླེང་བརྒྱུད་རིམ་ནང། མི་རིགས་གཞན་གྱི་སྐད་ཡིག་ནས་ས་མིང་དང་མི་མིང་སོགས་བོད་ཡིག་ཏུ་ཕབ་འགོད་ཀྱི་དག་ཆའི་སྐོར་ལས་འཕྲོས་ཏེ། ལེགས་སྦྱར་གྱི་སྐད་ལས་ས་མིང་དང་ཆུ་མིང་སོགས་བོད་སྐད་དུ་ཕབ་འགོད་སྐབས་སྒྲ་སྦྱོར་བམ་གཉིས་སོགས་ན་སྔོན་ནས་གཏན་ལ་ཕབ་སྟེ་ཡོད་པའི་འབྲི་སྟངས་དེ་ག་རང་སོར་འཇོག་དང་། དེ་མིན་ཕྱིས་སམ་ཉེ་རབས་ནས་རིག་གནས་གཞན་དང་གཞན་གྱི་ཐ་སྙད་མང་པོ་ཞིག་དང་ཡང་འབྲེལ་བ་བྱུང་བའི་ཐ་སྙད་ཀྱི་རིགས་བོད་ཡིག་ཏུ་འབེབས་སྐབས། ངེས་ཅན་དུའང་སྔོན་གྱི་གཏན་འབེབས་དེར་གནས་དགོས་པའི་ཨུ་ཚུགས་མི་དགོས་པར། སྒྲ་གདངས་གང་ཐོན་གཙོར་བཟུང་བྱེད་པ་ལས། ནིག་ཡོཀ་སོགས་སུ་འབྲི་སྲོལ་འདི་རིགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གཅིག་གྱུར་ལ་གནོད་པ་སོགས་བརྡ་དང་ཐ་སྙད་ཀྱི་སྐོར་དང།  དེ་བཞིན་དེང་སང་གསར་འགྱུར་བརྒྱུད་ལམ་གཙོ་བོར་བྱས་པའི་ཁྱབ་ཁོངས་མང་པོ་ཞིག་ན་བརྡ་སྤྲོད་པའི་རྣམ་གཞག་དང་མི་མཐུན་པར་གང་བྱུང་དུ་འབྲི་ཐལ་རྒྱ་ཡན་དུ་ཁྱབ་ཤུགས་ཆེ་བ་འདིས། བརྡ་སྤྲོད་ཀྱི་རྣམ་གཞག་དང་ཡི་གེའི་སྦྱོར་སྟངས་རིགས་ལོགས་གྱེས་འགྲོ་བཞིན་པ་གཏན་འགོག་དགོས་པ། ཁྱིམ་པའམ་སྐྱ་བོ་ཡིན་པའི་མི་རབས་གསར་པའི་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར། མི་སྒེར་དང་སྤྱི་ཚོགས། འཛམ་གླིང་བཅས་སུ་ཕན་ཐོགས་དང་འབྲེལ་བའི་རིན་ཐང་སྐོར་དང་། ནང་ཆོས་ཀྱི་ཀུན་སྤྱོད་རྣམ་གཞག་དེ་དག་རང་རྒྱུད་ལ་འཇགས་པ་ལས་མི་ཚད་ལྡན་ཞིག་བཟོ་ཐབས་ལ་ཕྱོགས་དགོས་པ་དང།  ནང་ཆོས་ཁྱབ་སྤེལ་བྱེད་པ་དེ་ཆོས་ལུགས་དར་སྤེལ་གྱི་ཆེད་དུ་མ་ཡིན་པར་མི་སྒེར་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་ཆེད་དུ་དར་སྤེལ་གཏོང་དགོས་པ། ཡང་ན། ནང་ཆོས་དེ་ཆོས་ལུགས་ཀྱི་ངོ་བོའི་ཐོག་ནས་མ་ཡིན་པར་ཤེས་ཡོན་གྱི་ངོ་བོའི་ཐོག་ནས་དར་སྤེལ་བྱེད་དགོས་པའི་སྐོར་བཅས་ལ་བགྲོ་གླེང་གནང་སོང་།

ཚེས་བཅོ་བརྒྱད་ཉིན་གྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི། ཉེ་བའི་ལོ་ཤས་ནས་ས་རཱ་མཐོ་སློབ་ཀྱི་ངོས་ནས། སློབ་ཟུར་ཁག་ཅིག་དང་། འབྲེལ་ཡོད་མཁས་པ་དང་ཉམས་ཞིབ་པ་སྐོར་ཞིག་ཆེད་ཞུས་ཀྱིས་སྔར་གྱི་སློབ་ཚན་ལ་འགྱུར་བ་གཏོང་ཕྱོགས་ཀྱི་བསམ་ཚུལ་བསྡུས་པ་རྨང་གཞིར་བཞག་སྟེ་མ་ཟིན་དུ་ཕབ་འགོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་གཞིར་བཞག་སྟེང།  ཆེས་མཐོའི་རིག་གནས་རབ་འབྱམས་པ་གསར་འཛུགས་ཞུ་གཏན་འཁེལ་ནས་ཡོད་པ་དེར། སློབ་ཚན་ཅི་ཞིག་བཀོད་སྒྲིག་བྱ་འོས་ཀྱི་བགྲོ་གླེང་གནང་ཡོད་ཅིང།  དེར་མཁས་པ་དང་ཤེས་ཡོན་པ་ཚོས་དགོངས་ཚུལ་དང་བསམ་ཚུལ་སྤེལ་བའི་སྐབས། སུམ་རྟགས་ལྟ་བུ་བསྐྱར་སྦྱོང་ལྟ་བུ་མ་ཡིན་པར་ཚད་མཐོ་བའི་གནས་ཚད་ཞིག་ཏུ་ཕྱོགས་དགོས་པ་དང།  ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་བཀོད་སྒྲིག་གི་དམིགས་རེ་ནང་བཞིན་གྱི་ཤེས་ཚད་ལྡན་ངེས་ཡོང་ཐུབ་ཀྱི་ཡོད་མེད། ས་རཱའི་སློབ་ཚན་དང་སློབ་མའི་ཤེས་ཚད་བར་གྱི་དཀའ་ངལ་ངོས་འཛིན། ད་ཡོད་སློབ་མའི་ཤེས་ཚད་དང་གསར་ཞུགས་སློབ་མའི་ཤེས་ཚད་བཅས་ལ་བལྟས་ནས་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་གཞི་གཏན་འཁེལ་དགོས་པ་ལས་འཕྲོས་པའི་དགོངས་ཚུལ་སྤེལ་བའི་ནང་། ཕྱི་རྒྱལ་ཁག་ལ་མཚོན་ན། འཛིན་རིམ་བཅུ་གཉིས་ཐོན་པའི་སྐབས་སྐད་ཡིག་གི་རྨང་གཞི་ཚད་ལོངས་ངེས་ཡོད་པ་དང། ང་ཚོའི་འཛིན་གྲྭ་བཅུ་གཉིས་ཐོན་མཁན་ཚོར་སྐད་ཡིག་གི་རྨང་གཞི་འདང་ངེས་མེད་པའི་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་དགོས་པ་དེ་ས་རཱ་མཐོ་སློབ་ཙམ་མ་ཡིན་པར། བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ནང་གཅིག་གྱུར་གྱིས་ཡོང་བཞིན་པའི་དཀའ་ངལ་ཞིག་ཡིན་པ་དང། དེ་ལ་འགྱུར་བ་གཏོང་བའི་རེ་བ་རྒྱག་ཡུལ་ནི་གཞི་རིམ་གྱི་སློབ་གྲྭ་ཁག་གི་སྐད་ཡིག་ཤེས་ཚད་གོང་མཐོར་གཏོང་བ་ལ་རག་ལུས་ནས་ཡོད་པ་སོགས་ཕྱོགས་ངོས་མང་པོ་ནས་གླེང་སློང་ཤུགས་ཆེ་བྱས་པའི་མཐའ་དོན་དུ། ས་རཱ་མཐོ་སློབ་ཀྱི་ད་ཡོད་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་ཚན་ནང་བརྡ་སྤྲོད་དང་རྩོམ་རིག ལོ་རྒྱུས་བཅས་ཀྱི་གཞུང་ལུགས་གྲགས་ཅན་ཁག་ཆ་ཚང་དངོས་གཞིའི་སློབ་ཚན་དང་། ཟུར་ལྟའི་སློབ་དེབ་གང་རུང་གི་ངོ་བོ་ནས་བཀོད་སྒྲིག་གནང་གྲུབ་སྟེ་ཡོད་པ་དེའི་སྟེང།  ད་ཆ་ཆེས་མཐོའི་རིག་གནས་རབ་འབྱམས་པའི་སློབ་དེབ་སྐོར་ལ་དེབ་གཞི་གང་ཞིག་གཏན་འབེབས་དགོས་མིན་གྱི་བསམ་ཚུལ་སྤེལ་རིམ་ནང་། ཕལ་མོ་ཆེ་བས་སློབ་གཞི་ངེས་གཏན་ཞིག་འདམས་རྒྱུ་མ་རག་པའི་དཀའ་ངལ་འཕྲད་དེ། དགོངས་ཚུལ་དང་བསམ་ཚུལ་མང་ཆེ་བ་དེ་སློབ་དེབ་གསར་བསྒྲིགས་ཀྱི་སྟེང་ལ་བབས་པ་ལྟ་བུ་བྱུང་ཡོད་འདུག སློབ་དེབ་གསར་བསྒྲིགས་ཀྱི་ལམ་སྟོན་ལྟ་བུར། ལོ་རྒྱུས་སྐོར་ལ་མཚོན་ན། ལོ་རྒྱུས་རིག་པ་དང། ལོ་རྒྱུས་ཀྱི་བྱུང་བ་སོགས་སུ་ཁག་བགོས་ཀྱིས་སྡེ་ཚན་མ་འདྲ་བར་དབྱེ་བགོས་ཀྱིས་སློབ་དེབ་བཟོ་འགོད་དགོས་པ་ཤུགས་ཆེར་གླེང་འདུག་ལ། ཕྱོགས་མཚུངས་རྩོམ་རིག་གི་སློབ་དེབ་ལྟ་བུར་མཚོན་ན། སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་རིག་ཆ་བགོས་བརྒྱབ་ནས་སློབ་དེབ་བཟོ་བ། ཡང་། སློབ་དེབ་གང་ཡང་། གཞུང་ལུགས་མང་པོའི་ལེགས་ཆ་འདུ་ཤུགས་ཆེ་བ་ཞིག་གཙོ་འདོན་དགོས་པ་སོགས་ཕྱོགས་ངོས་མང་པོ་ནས་བགྲོ་གླེང་གནང་ཡོད་པ་རེད་འདུག

རྡོ་རྗེ་དབང་ཕྱུག་གིས་ས་རཱ་ནས་འདི་ག་གསར་ཁང་ལ་བཏང་བ་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

18 thoughts on “ལྔ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་མཁས་པའི་བགྲོ་གླེང།

  1. ལུང་རིགས་ལགས།
    མི་གཤིས་ལ་དམའ་འབེབ་དང་མཚང་འབྲུ་བའི་རིགས་ཀྱི་མཆན་རྣམས་བསུབས་པ་དེ་ཕན་གནོད་དང་མཇུག་འབྲས་ལ་དགོངས་པ་བཞེས་ཏེ། བགྲོ་གླེང་དེ་བགྲོ་གླེང་ཞིག་ཏུ་འགྲོ་བའི་རེ་བས་གནང་བ་ཞིག་ཡིན་སྟབས། སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཡོད་པ་ཞིག་རེད།

    འོན་ཀྱང་། ཡིག་ནོར་ཐེར་འདོན་བྱས་པའི་རིགས་ནམ་ཡང་མ་བསུབ་རོགས།
    གང་ཡིན་ཟེར་ན། གསར་འགྱུར་འགོད་པ་དང་ཀློག་པ་པོ་མི་ཉུང་བ་ཞིག་ལ་ནོར་ཉེན་ཆེ་བའི་ཐ་སྙད་རིགས་རྣམས་ཕན་ཚུན་འཁྲུགས་ཏེ། དཀའ་ངལ་འཕར་མ་ཞིག་ཡོང་གིན་ཡོད་སྟབས། དེ་རིགས་ཀྱིས་དྲ་ངོས་འདིའི་ནང་ཐུགས་སྣང་གནང་སྟེ་གསར་འགྱུར་ཀློག་མཁན་དང་མཆན་འདེབས་མཁན། ཟིན་བྲིས་པ། གསར་འགོད་པ་སོགས་ལ་ཕན་ཐོགས་ཤུགས་ཆེ་ཡོང་གི་ཡོད་པ་སྨྲོས་མེད་ལགས་པས་དེ་དོན་ཐུགས་ལ་འཇོག་རོགས།།

  2. མི་ནག་ཚང་ལུང་རིགས་རྒྱལ།

    དྲ་གྲོགས་ཚོ། དེ་རིང་ཡང་མཆན་ཁ་ཤས་བསུབས་པ་ཡིན། གསུབ་དགོས་དོན་ནི་སྐབས་དོན་དང་འབྲེལ་བ་མེད་པའི་མི་སྒེར་གྱི་མིང་བཏོན་སྟེ་མཚང་འབྲུ་བ་སོགས་ཀྱི་རྐྱེན་གྱིས་ཡིན། གལ་སྲིད་མི་སྒེར་བ་ལ་སྐྱོན་རྒྱག་རྒྱུ་ཡིན་ན་བརྗོད་གཞི་དེ་ལ་སོ་སོས་འགན་འཁྱེར་ཏེ། སྐབས་གཞན་པ་ནས་གླེང་རོགས། དེང་སྐབས་ང་ཚོར་འདི་ལྟའི་གཤིས་ཀ་ཞིག་འཇགས་བཞིན་འདུག དེ་བས་བརྗོད་གཞི་ངེས་གཏན་ཞིག་གི་སྟེང་ལ་བགྲོ་གླེང་ལྷུག་པོ་ཞིག་ཀྱང་བྱེད་མི་ཐུབ་པའི་དཀའ་ངལ་འདུག
    སྤྱིར་གང་ཟག་སྒེར་ལ་སྐྱོན་བརྗོད་བྱེད་ན་བརྒྱུད་ལམ་ཁག་ཏུ་ཡོངས་ཁྱབ་ཀྱིས་བསྒྲགས་ཆོག་མིན་ལ་ས་མཚམས་ཤིག་ཡོད་པ་འདྲ། དེ་ནི་གཙོ་བོ་སྤྱི་ཚོགས་ཀྱི་མི་སྣ་ཡིན་མིན་ལ་ལྟ་དགོས་པ་རེད། དབྱིན་སྐད་དུ། Public Figure ཞེས་པ་འདི་རེད། གཞུང་གི་འགན་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་འགན་ཡོད་མི་སྣ་སོགས་ལ་ཁོ་ཚོའི་ལས་རིགས་ཀྱི་ངོ་བོ་དང་འགན་བབ་སོགས་ཀྱི་སྟེང་ནས་སྐྱོན་རྒྱག་ཆོག་པར་འདོད། འདི་དག་ལ་སོ་སོའི་སྒེར་གྱི་འཚོ་བའི་ཐད་ནས་སྐྱོན་བརྒྱབས་ན་སྒེར་དབང་ལ་བྱུས་གཏོགས་སུ་འགྲོ་ཉེན་ཆེན་པོ་ཡོད་པ་རེད། འདིའི་ཐད་ནས་རྗེས་མ་ས་མཚམས་ཅུང་གསལ་ཁ་ཡོད་པའི་བསམ་ཚུལ་ཞིག་འབུལ་རྒྱུར་འབད་བརྩོན་བྱ་གི་ཡིན།

    དྲ་གྲོགས་ཚོས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མེད་པ་དང་། མཁས་བླུན་གྱི་དབྱེ་བ་མེད་པར་མི་སུ་ལའང་དོན་མེད་ཀྱི་མཚང་འབྲུ་བ་དང་དོན་མེད་གཤེ་བ་སོགས་མི་གནང་བར་ཞུ།