རྒྱ་ནག་སྒེའུ་ཁུང་།

ཉེན་རྟོག་པས་བཙན་གཡེམ་བྱས་པ།

ཧྥ་རན་སུའི་གསར་སྤེལ་ཁང་གིས་ཕྱི་ཟླ་ ༡༢ ཚེས་ ༡༣ ཉིན་གནས་ཚུལ་སྤེལ་དོན། རྒྱ་ནག་ཨན་ཧེ་ཞིང་ཆེན་ནས་ཡིན་པའི་རང་ལོ་༢༡ ཅན་གྱི་བུད་མེད་ལིས་རེས་རེས་ཀྱིས་པེ་ཅིན་དུ་འོང་ནས་གོང་རིམ་ལ་ཞུས་ཏེ། ཉེན་རྟོག་པས་ཁོ་མོ་འཇུ་བཟུང་བྱས་ཏེ་ཁྲིམས་མཐུན་མ་ཡིན་པའི་བཙོན་ཁང་ནག་པོ་ཞིག་གི་ནང་བཀག་ཉར་བྱས་པར་མ་ཟད། ལྟ་སྲུང་དམག་མིས་ཁོ་མོར་བཙན་གཡེམ་ཡང་བྱས་ཡོད་པ་རེད། བཙོན་ཁང་ནག་པོ་དེའི་ནང་བཀག་ཉར་བྱས་ཡོད་པའི་མི་ ༧༠ ལྷག་གིས་ལྟ་སྲུང་དམག་མིས་ཁོ་མོར་བཙན་གཡེམ་བྱས་པའི་གནས་ཚུལ་དངོས་མཐོང་བྱུང་སྟེ་ཁྲིམས་གཏུགས་བྱས་པར་བརྟེན་ལྟ་སྲུང་དམག་མི་དེར་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་བྱེད་དགོས་བྱུང་ཡོད། ད་ལྟ་ལིས་རེས་རེས་ཀྱི་སེམས་ཁམས་རྒྱུན་ལྡན་མ་ཡིན་པ་ཆགས་ཏེ་རང་འཚོ་ཡང་བྱ་དཀའ་བར་གྱུར་ཡོད་ནའང་། ཁྲིམས་ཁང་གིས་ཁོ་མོར་ཀུན་གསབ་རྒྱ་སྒོར་ ༢༣༠༠ མ་གཏོགས་སྤྲད་མེད་པ་རེད། ལིས་རེས་རེས་ཀྱི་གྱོད་དོན་དེ་ནི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་མི་སྒེར་གྱི་ཁེ་དབང་འགེབས་སྲུང་ཁུར་ལེན་བྱེད་མ་ཐུབ་པའི་རྐྱེན་གྱིས་ཡིན་པས། ལིས་རེས་རེས་ཀྱི་ནང་མིས་ཁོ་མོ་འཇུ་བཟུང་བྱེད་དུ་འཇུག་མཁན་པེ་ཅིན་དུ་བཅའ་སྡོད་ཨན་ཧེ་ཞིང་ཆེན་དོན་གཅོད་ཁང་དང་བཙོན་ཁང་ནག་པོ་གཉེར་མཁན་ས་གནས་ཉེན་རྟོག་ཁང་གཉིས་བསྐྱར་དུ་ཁྲིམས་གཏུགས་བྱེད་མགོ་བརྩམས་ཡོད་འདུག

བཙོན་པའི་ནང་ཁྲོད་གསོན་འདོན།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྟེ་ཟླ་འདིའི་ཚེས་ ༡༠ ཉིན། དབྱིན་ཇིའི་གྲོས་ཚོགས་འཐུས་མི་ ཏ་ཝེ་ཧོ་ཨོ་སུ་ ཡིས་གཙོ་སྐྱོང་གནང་བའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དཔྱད་གླེང་ཚོགས་འདུའི་སྟེང་། འཛམ་གླིང་ཡུ་གུར་ཚོགས་ཆེན་གྱི་དབྱིན་ཡུལ་འཐུས་ཚབ་མི་སྣ་ཨན་ཧྭ་ཐོ་ཏི་ཡིས་ཁོ་རང་ཉིད་ནས་མཉམ་ཞུགས་བྱས་མྱོང་པའི་དངོས་དོན་གཞིར་བཞག་ཐོག་རྒྱ་གཞུང་གིས་བཙོན་མའི་ནང་ཁྲོད་གསོན་འདོན་བྱེད་བཞིན་པའི་ཉེས་དོན་ར་སྤྲོད་གནང་ཡོད་པ་རེད། ཨན་ཧྭ་ཐོ་ཏི་ནི་དེ་སྔ་ཕྱི་ལུགས་སྨན་པ་ཞིག་ཡིན་པ་དང་།༡༩༩༥ ལོའི་ཟླ་ ༧ པའི་ནང་། ཁོ་དང་འགན་འཛིན་གཞོན་པའི་གནས་རིམ་ཅན་གྱི་སྨན་པ་གཉིས་བཅས་མི་གསུམ་གྱིས་རྒྱ་ནག་གོང་རིམ་མགོ་ཁྲིད་ཀྱི་བཀའ་མངགས་ལྟར་ཤིན་ཅང་ཝུ་རུ་མུའུ་ཆི་གྲོང་ཁྱེར་གྱི་ནུབ་རིའི་ཁྲིམས་གཅོད་གསོད་རར་སོང་སྟེ་ཉེན་རྟོག་པའི་མཛུབ་སྟོན་ལྟར་བཙོན་པ་ཞིག་གི་མཆིན་པ་དང་མཁལ་མ་གཉིས་བཅས་བཏོན་མྱོང་ཡོད་པ་དང་། ནང་ཁྲོད་འདོན་སྐབས་བཙོན་པ་དེ་ད་དུང་འཕག་འཚག་རྒྱག་གིན་ཡོད་པའི་སྐོར་གྱི་མི་སྤྱོད་ལས་འདས་པའི་བྱས་ཉེས་སྐོར་ཕྱིར་བསྒྲགས་ཀྱིས་རྒྱ་གཞུང་གི་ནག་ཉེས་ཐེར་འདོན་བྱས་ཡོད་འདུག ཨན་ཧྭ་ཐོ་ཏི་ཡིས་བརྗོད་དོན། གུང་ཁྲན་ཏང་གི་དབང་སྒྱུར་དྲག་གནོན་གྱི་འོག་ཏུ་རྒྱ་དང་བོད། ཤིན་ཅང་བཅས་མི་རིགས་གང་ཡིན་ཡང་། གུང་ཁྲན་དམར་ཤོག་པས་གང་འདོད་དུ་བེད་སྤྱོད་བྱས་ཆོག་པའི་ཅ་དངོས་ཙམ་ཏུ་གྱུར་ཡོད་པ་རེད་ཟེར།

བྱིས་པ་ནག་འཚོང་གི་ཁྲོམ་ར།

ཕྱི་ཟླ་ ༡༢ ཚེས་ ༡༤  ཉིན་ཧྲང་ཧེའི་མེ་འཁོར་ལྕགས་ལམ་ཉེན་རྟོག་རུ་ཁག་གིས་བྱིས་པ་ནག་འཚོང་བྱེད་མཁན་ཉེས་ཅན་པ་ ༤༧ འཛིན་བཟུང་དང་བྱིས་པ་ ༢༡ ཉེན་སྐྱོབ་བྱུང་བར་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་དྲ་རྒྱ་ཁག་ཏུ་སྤེལ་ཡོད་པ་དང་།  བྱིས་པ་མང་ཆེ་ཤོས་ནི་ཡོན་ནན་ས་ཁུལ་ནས་ཡིན་ལ། ཅང་སུའུ་དང་ཧྲན་ཏུང་སོགས་སུ་ཚོང་བསྒྱུར་བྱ་འཆར་ཡིན་པ་རེད། འདི་ལོའི་ཕྱི་ཟླ་ ༤ པ་ནས་བཟུང་ཅང་སུའུ་དང་། ཡོན་ནན། ནང་སོག  ཧི་པེ། ཧྲང་ཧེ་བཅས་ཞིང་ཆེན་དང་གྲོང་ཁྱེར་ལྔའི་ལྕགས་ལམ་ཉེན་རྟོག་པས་མཉམ་འབྲེལ་གྱིས་བྱིས་པ་ནག་འཚོང་བྱེད་བཞིན་པའི་ཉེས་དོན་བརྩད་གཅོད་བྱས་ཡོད་པ་དང་། འདས་པའི་ཟླ་བརྒྱད་ཀྱི་རིང་རྒྱ་ནག་རྒྱལ་ཡོངས་སུ་བྱིས་པ་ནག་འཚོང་གི་ཉེས་དོན་ ༡༧༠༠ བརྩད་གཅོད་དང་། བྱིས་པ་ ༢༠༠༠ ལྷག་ཉེན་སྐྱོབ་བྱུང་ཡོད་པ་རེད། དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་ཁྲོད་དུ་བྱིས་པ་བརྐུས་ཏེ་ཚོང་བསྒྱུར་བྱེད་པ་དང་། ཡང་ན་དབུལ་ཁྱིམ་གྱི་བྱིས་པ་རིན་གོང་དམའ་མོས་ཉོས་ཏེ་འབྱོར་ལྡན་བུ་ཕྲུག་མེད་མཁན་ཚོར་རིན་གོང་མཐོན་པོས་ཚོང་བསྒྱུར་བྱེད་བཞིན་པའི་བྱིས་པ་ནག་འཚོང་གི་ཁྲོམ་ར་ཞིག་དར་ཡོད་པ་རེད། སྤྱི་ཚོགས་ཉམས་ཞིབ་པ་དག་གིས། བྱིས་པ་ནག་འཚོང་གི་ཉེས་དོན་འདིའི་འབྱུང་རྐྱེན་གཙོ་བོ་ནི། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལམ་ལྷོང་མ་བྱུང་བ་དང་། གཞི་རིམ་དང་གྲོང་ཁྱེར་བར་དབུལ་ཕྱུག་གི་ཧེ་བག་ཆེན་པོ་བྱུང་པའི་རྐྱེན་གྱིས་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད།

སྒེར་གཉེར་དྲ་ཚིགས་བཀག་སྡོམ།

ཕྱི་ཟླ་ ༡༢ པའི་ཚེས་ ༡༥ ཉིན་མཇུག་སྒྲིལ་བའི་རྒྱ་ནག་རྒྱལ་ཡོངས་བརྡ་འཕྲིན་དྲ་རྒྱའི་ཆིངས་དོན་གྲོས་ཚོགས་སྟེང་དྲ་རྒྱའི་སྐོར་ལ་སྒྲིག་གཞི་གསར་བ་ཞིག་གཏན་འབེབས་བྱས་ཡོད་པ་དང་། ཆིངས་དོན་གྱི་ནང་དུ་རྒྱ་ནག་གཞུང་འབྲེལ་ཆོག་མཆན་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱེད་བཞིན་པའི་གཅིག་གྱུར་ཨང་རྟགས་ཡོད་པའི་ཚོང་དོན་ཁེ་ལས་སྒྲིག་འཛུགས་ཁག་བཅས་ཀྱིས་དྲ་ཚིགས་གཉེར་ཆོག་པ་ལས་གཞན། བརྡ་འཕྲིན་དྲ་རྒྱའི་སྟེང་མི་སྒེར་གྱིས་གཙོ་སྒྲུབ་དང་ཐོ་འགོད་བྱས་པའི་དྲ་ཚིགས་ཉར་མི་ཆོག་པའི་སྐོར་བཀོད་ཡོད་པ་རེད། དེ་ནི་མི་སྒེར་གྱིས་གཙོ་སྒྲུབ་བྱེད་བཞིན་པའི་དྲ་ཚིགས་དག་གི་སྟེང་དུ་ཆགས་སྲེད་སྐོར་གྱི་བརྙན་རིས་དང་བརྗོད་བྱ་སྤེལ་ཏེ་དྲ་བའི་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་པའི་རྐྱེན་གྱིས་ཡིན་ལུགས་བརྗོད་འདུག་ལ། གཞུང་འབྲེལ་མ་ཡིན་པའི་དྲ་ཚིགས་བཟོ་འགོད་བྱ་དགོས་ཚེ་ངེས་པར་དུ་རྒྱ་ནག་གཞུང་གི་ཁྲིམས་མཐུན་ཆོག་མཆན་ཡོད་པའི་ཚོང་ལས་སྡེ་ཁག་གི་དཔང་ཡིག་དང་། དྲ་ཚིགས་གཙོ་སྒྲུབ་གནང་མཁན་མི་སྒེར་གྱི་ལོ་རྒྱུས་ཁ་གསལ་མེད་ཚེ་དྲ་ཚིགས་བཟོ་འགོད་བྱེད་ཐུབ་ཀྱིན་མེད་པ་རེད། གཞན་ཡང་། ཉེ་སྔོན་རྒྱ་ནག་ནང་ལོགས་ཀྱི་མཉེན་ཆས་དང་བརྙན་རིས། ཡིག་ཆ་སོགས་ཕབ་ལེན་བྱ་སའི་དྲ་ཚིགས་ཆེ་ཤོས་ ༼BT China.net༽ དེ་སྒོ་བརྒྱབས་ཡོད་པ་དང་། དྲ་ཚིགས་དེ་ཉིན་རེར་ཆ་སྙོམས་མི་ཁྲི་ ༢༥ ལྷག་གིས་ཀློག་བཞིན་ཡོད་པ་རེད། དེར་མ་ཟད། ཉེ་བའི་ཟླ་གཅིག་ལྷག་གི་རིང་རྒྱ་ནག་རྒྱལ་ཡོངས་སུ་དྲ་ཚིགས་ ༤༤༠༠ སྒོ་བརྒྱབས་ཡོད་འདུག

རྩོམ་སྒྲིག་པའི་ལས་གནས་ཕབ་པ།

ཕྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན་པའོ་ཞོན་དྲ་ཚིགས་སུ་གནས་ཚུལ་སྤེལ་དོན། ཉེ་སྔོན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས། ཧྲང་ཧེ་ཡི་ཨོ་བྷ་མའི་གཏམ་བཤད་ཚོགས་རར་ཞུགས་མཁན་འདེམས་སྟངས་ཐད་ཨ་རྒྱ་གཉིས་ཀྱི་བར་འགལ་བ་བྱུང་བར་བརྟེན་ཨོ་བྷ་མས་གཏམ་བཤད་སྐབས་རྒྱ་ནག་གི་འདོད་བློ་ཚིམ་པའི་ཁ་གསལ་འགྲེལ་བརྗོད་ཅི་ཡང་གནང་མེད་པ་དང་། དེ་བཞིན་གསར་ཁང་གི་བཅར་འདྲིའི་ཐད་ནས་ཀྱང་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་ལ་མ་གཏོགས་བཅར་འདྲིའི་གོ་སྐབས་གནང་མེད་པ་རེད། ལྷོ་ཕྱོགས་གཟའ་མཇུག་ཚགས་པར་གྱི་བཅར་འདྲི་དེ་ཡང་ཧུའུ་ཅིན་ཐའོ་ཡི་གོ་སྒྲིག་ལྟར་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པ་དང་། རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་དྲི་བ་ཁག་གཏན་འབེབས་བྱས་ཐོག་ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་པེ་ཅིན་གྱི་རྒྱལ་སྤྱིའི་གསོལ་མགྲོན་ཁང་དུ་བཅར་འདྲི་བྱས་ཏེ་གསར་ཁང་གི་དྲ་ཚིགས་ཐོག་བཀོད་པའི་རྗེས། རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་དྲ་ཐོག་ཏུ་བཏོན་པའི་བཅར་འདྲིའི་ནང་དོན་ཁག་གཅོད་གཏུབ་བྱས་ཡོད་པར་མ་ཟད། རྒྱ་ནག་ཆབ་སྲིད་ལྷན་ཁང་གི་དྲིལ་བསྒྲགས་འགན་གཉེར་རྒྱུན་ལས་ཀྱིས་ཁོང་ཁྲོ་ཆེན་པོས། ལྷོ་ཕྱོགས་གཟའ་མཇུག་ཚགས་པར་ནི་ཨ་རི་བའི་རེད་དམ་ཞེས་ཁ་རྡུང་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་སྤྱི་ཚོགས་ཁྲོད་ཁྱབ་ཤིང་། དེ་བཞིན་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་གོ་སྐབས་དང་བསྟུན་ནས་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་ལ་གནོན་ཤུགས་སྤྲོད་སྲིད་པའི་དོགས་སློང་ཡང་བྱུང་ཡོད་པ་རེད། ཡིན་ནའང་། ཧུའུ་ཅིན་ཐའོ་དང་ཝུན་ཇ་པའོ་གཉིས་ཀྱིས་གནས་ཚུལ་དེའི་ཐད་གསར་འགོད་པའི་ཐོག་ཏུ་འཛེམས་བག་མེད་པར་གནོན་ཤུགས་སྤྲོད་རྒྱུར་བློ་མོས་བྱས་མེད་ནའང་། བདུན་ཕྲག་འགའི་རྗེས་སུ་གློ་བུར་དུ་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་གྱི་རྩོམ་སྒྲིག་པ་ལས་གནས་ནས་ཕབ་སྟེ་ཁོའི་ཚབ་ཏུ་རྩོམ་སྒྲིག་པ་གསར་བ་ཞིག་བསྐོ་འཇོག་བྱས་ཡོད་པ་རེད།

དམག་ཁུལ་དུ་ཆམ་རིམས་ཁྱབ་པ།

ཕྱི་ཟླ་ ༡༢ པའི་ཚེས་ ༢ ཉིན་པེ་ཅིན་དུ་དམག་ཁུལ་ཡོངས་ལ་ H1N1 ཆམ་རིམས་འགོས་ནད་སྔོན་འགོག་གི་ཟབ་སྦྱོང་སྤྲད་ཡོད་པར་མ་ཟད། H1N1 ཆམ་རིམས་དམག་ཁུལ་དུ་འགོས་ཁྱབ་བྱུང་ཡོད་པ་ངོས་ལེན་བྱས་ཡོད་འདུག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་འཕྲོད་བསྟེན་ལྷན་ཁང་གི་མགོ་གཙོ་ཀྲང་ཐན་ལིན་གྱིས་བརྗོད་དོན། སྟོན་མཇུག་ལ་སླེབས་པ་དང་བསྟུན་ནས་བཅིངས་འགྲོལ་དམག་ཁུལ་དུ་སྡེབ་གཅིག་ཏུ་ཆམ་རིམས་འགོས་ཁྱབ་འགྲོ་བ་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་པ་དང་། ཉེ་སྔོན་སྡེབ་གཅིག་ཏུ་ཆམ་རིམས་འགོས་ཁྱབ་བྱུང་བའི་ཚོགས་སྡེ་ཁག་ ༥༡ བྱུང་ཡོད་པ་དང་། དེ་མིན་ཚོགས་སྡེ་རེ་འགར་མི་གྲངས་བརྒྱ་སྐོར་རེ་ལ་སྡེབ་གཅིག་ཏུ་ཆམ་རིམས་འགོས་ཁྱབ་བྱུང་བའི་གནས་ཚུལ་ཀྱང་ཐོན་ཡོད། དམག་མི་གསར་བ་བསྡུ་ལེན་བྱས་པ་དང་བསྟུན་ནས་དམག་ཁུལ་ཡོངས་སུ་ཆམ་རིམས་འགོས་ཁྱབ་ཀྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་ཡོད། ཞིན་ཐང་རན་བརྙན་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་དེའི་སྐོར་ལ་རྒྱ་ནག་གི་དམག་ཁུལ་སོ་སོའི་དབུས་འཕྲོད་བསྟེན་སྨན་ཁང་ལ་བཅར་འདྲི་བྱེད་སྐབས། ཀུང་ཀྲུག་དམག་ཁུལ་དབུས་འཕྲོད་བསྟེན་ཁང་གི་སྨན་པས་ཉིན་རེར་ཆམ་རིམས་འགོས་ཁྱབ་འབྱུང་བཞིན་པའི་ནད་པ་ ༣༠ ནས་ ༤༠ ཡོད་ཚུལ་དང་། ཅུས་ནན་དམག་ཁུལ་གྱི་སྨན་པས་ཉིན་རེར་མི་ ༥༠ ནས་ ༦༠ ཡོད་ཚུལ་བརྗོད་ཡོད་ལ།  ཁྲིན་ཏུ་དམག་ཁུལ་གྱི་སྨན་པས་ཆམ་རིམས་ན་ཚ་ལྕི་མོའི་རིགས་ཆེད་དུ་ ༥༤༧ སྨན་ཁང་དུ་སྐྱེལ་གྱིན་ཡོད་ཅེས་བརྗོད་ཡོད་འདུག རྒྱ་ནག་གི་དམག་དོན་དྲ་བའི་སྟེང་ཆམ་རིམས་ནད་ལྕི་མོ་ཕོག་ཡོད་པའི་ནད་པ་ ༢༠༠ ལྷག་མྱུར་སྐྱོབ་བྱེད་ཐུབ་ཡོད་ཚུལ་དང་། དེ་མིན། ཆམ་རིམས་ནད་ཆེད་མཁས་པའི་རྩ་འཛུགས་ཚོགས་པ་ ༡༥ དང་། འགོག་སྲུང་སྨན་བཅོས་རུ་ཁག་ ༣༢ བཅས་ཀྱིས་དམག་ཁུལ་ཁག་ཏུ་ཆམ་རིམས་སྨན་བཅོས་དང་སྔོན་འགོག་གི་ལས་དོན་སྒྲུབ་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ཤོག་ཁག་ནང་ཁུལ་གྱི་འགལ་ཟླ།

ཕྱི་ཚེས་ ༡༣ ཉིན་ཁྲིམས་རྩོད་པ་ལིས་ཀྲུང་ལ་བདེན་དཔང་རྫུན་སྒྲིག་བྱས་པའི་ཉེས་མིང་བཏགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་ཡོངས་ཀྱི་ཁྲིམས་རྩོད་པ་ ༢༠ ལྷག་གིས་མཉམ་འབྲེལ་ཐོག་རྒྱ་ནག་དམངས་ཆེན་རྒྱུན་ལས་ལྷན་ཁང་དང་རྒྱ་ནག་དབུས་ཉེན་རྟོག་ཁང་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཁྲིམས་རྩོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་རེད།ཁྲིམས་རྩོད་པ་ལིས་ཀྲུང་གིས་ལས་དོན་སྒྲུབ་སའི་ཁྲིམས་རྩོད་ཁང་གི་སྦྱིན་བདག་ནི་དེ་སྔའི་རྒྱ་ནག་དམར་ཤོག་སྲིད་གྲོས་ཀྱི་མི་སྣ་གལ་ཆེན་ཕིན་ཀྲིན་ཀྱི་བུ་ཧྥུ་ཡང་ཡིན་ལ། ཁྲིམས་རྩོད་ཁང་དེའི་མགོ་གཙོ་གཞོན་པ་སུའུ་ཞའོ་ཧུའུ་ནི་དེ་སྔའི་རྒྱ་ནག་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་མགོ་གཙོ་སུའུ་ཐེན་ཞང་གི་བུ་ཡིན་པ་དང་། མགོ་གཙོ་གཞོན་པ་ལིན་ཞིན་ཡུས་ནི་དེ་སྔའི་དམངས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲང་ལིན་ཧྤུན་གྱི་བུ་སྐལ་མ་ཡིན་པ་རེད། དེར་བརྟེན་འབྲེལ་ཡོད་མི་སྣ་དག་གིས་ཁྲིམས་རྩོད་པ་ལིས་ཀྲུང་འཇུ་བཟུང་བྱས་པའི་དོན་རྐྱེན་དེས་རྒྱ་ནག་དམར་ཤོག་སྐུ་སྲས་༼དམར་ཤོག་ནང་ཁུལ་གྱི་ཕྱོགས་མཐུན་ཚོགས་པ་ཞིག་སྟེ་སྔར་གྱི་དམར་ཤོག་དཔོན་རིགས་དག་གི་བུ་ཕྲུག་ཚོའི་ཤོག་ཁག༽ཤོག་ཁག་ནང་ཁུལ་དུ་འགལ་ཟླ་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “རྒྱ་ནག་སྒེའུ་ཁུང་།

  1. བཙོན་པའི་ནང་ཁྲོལ་གསོན་འདོན་གྱི་གནས་ཚུལ་འདི་རྒྱ་ནག་གི་བཙོན་ཁང་ཆེ་ཁག་ཏུ་བརྟག་པར་ལྷག་བཞིན་པའི་གནས་ཚུལ་ཞིག་ཡིན་ཚོད་འདུག་དཔེར་ན་ཕྲན་གྱིས་ཤེས་ཚོར་བྱུང་བ་ཞིག་ལ་ཀ་ཆུ་ཧོས་རིགས་རང་སྐྱོང་ས་ཁུལ་སྲིད་འཛིན་ལྟེ་བར་ཡོད་པའི་ཀན་སུའུ་ཞིང་ཆེན་གྱི་བཙོན་ཁང་ཨང་གཉིས་པ་ཟེར་བའི་ནང་།བཙོན་ཁང་དེའི་སྨན་པ་མཱ་ཟེར་བ་དེས་བཙོན་པ་བདག་མེད་རིགས་ནད་བཅོས་ལ་ཁ་གཡར་ཏེ་དྲན་པ་འཐོར་བྱེད་སྤུད་སྨན་བརྒྱབ་སྟེ་མཁལ་མ་སོགས་གསོན་འདོན་བྱས་རྗེས་ཕུང་པོ་ཁོ་རང་གིས་མེར་བསྲེགས་བཏང་བའི་གནས་ཚུལ་བཙོན་ཁང་དེར་ཧ་ཅང་མང།་འདིའི་སྐོར་མཁྱེན་བློ་ཡོད་རིགས་ནས་ཕྲན་གྱིས་བྲིས་པའི་《བཙོན་བསྐྱོད་ཟིན་ཐོ》འི་ནང་ཞིབ་ཙམ་འབྲི་འགོད་བྱས་ཡོད་ན་དེར་གཟིགས་པར་ཞུ།