རྒྱ་ནག་གིས་ང་ཕོད་གླེང་སྟངས་ཤིག

དེ་རིང་སྔ་དྲོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་སུ་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐོར་ལ་དཔྱད་གཏམ་རིང་པོ་ཞིག་སྤེལ་ཡོད་ལ། དཔྱད་གཏམ་དེའི་ནང་། ང་ཕོད་མཆོག་རྒྱལ་གཅེས་པ་དང་སྤྱི་ཚོགས་དཔྱད་སྒོ་བ། བོད་པའི་སྐྱེས་བུ་ཕུལ་བྱུང། གུང་ཁྲིན་ཏང་གི་སྙིང་ཉེའི་གྲོགས་པོ་ཡིན་སྐོར་བཅས་བཀོད་དོན། བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་བོད་རིགས་མི་དམངས་ཀྱི་བུ་ཕུལ་བྱུང་ཡིན་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་ས་གནས་སྲིད་གཞུང་གི་མཐོ་རིམ་ཁ་ཕྲལ་རིང་ལུགས་པ་ཉུང་ཤས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་དཀྲུག་ཤིང་དང་ངན་སྐུལ་འོག་འཛེམ་བག་མེད་པར་བཅིངས་འགྲོལ་ལ་འགོག་རྒོལ་དང་མེས་རྒྱལ་ཁ་ཕྲལ་གྱི་སྤྱོད་ངན་སྤེལ་བའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་ཁོང་གིས་བོད་ཀྱི་གནད་དོན་ནི་ཀྲུང་གོའི་ནང་ཁུལ་གྱི་གནད་དོན་ཡིན་པས་ཀྲུང་དབྱང་སྲིད་གཞུང་དང་གྲོས་མོལ་ཞུས་ན་མ་གཏོགས་ཐག་ཆོད་ཐབས་མེད། པེ་ཅིན་དུ་སྐུ་ཚབ་ཚོགས་པ་བཏང་ནས་གྲོས་མོལ་ཞུ་དགོས་ཞེས་གསལ་པོ་གསུངས་ཡོད། བཀའ་བློན་ལས་འཕར་དང་མདོ་སྨད་སྤྱི་ཁྱབ་གནང་བར་མ་ཕེབས་གོང་ཁོང་གིས་ད་དུང་བོད་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་བཅིངས་འགྲོལ་དམག་བཙལ་ནས་ཞི་བའི་གྲོས་མོལ་བྱ་དགོས་ཞེས་འདོན་པ་གནང་བ་དང་། ཁོང་གིས་ཆབ་མདོའི་ཡུལ་དམག་སྟོང་ཕྲག་ཁ་ཤས་མེད་པ་བཟོས་ཐོག་དམག་ཤུགས་རྒྱ་སྐྱེད་བཏང་ནས་དམག་འཁྲུག་གྲ་སྒྲིག་བྱེད་མི་རུང་ཞེས་སླར་ཡང་འདོན་པ་གནང་། ཆབ་མདོ་ས་ཁུལ་བཅིངས་འགྲོལ་གཏོང་སྐབས་ཁོང་གིས་དཔོན་རིགས་གཞན་དག་དང་ལྷན་དུ་བོད་ས་གནས་སྲིད་གཞུང་ལ་སྙན་ཞུ་ཐེངས་གཉིས་ཕུལ་ཏེ་བོད་ས་གནས་སྲིད་གཞུང་གིས་གང་མགྱོགས་སྐུ་ཚབ་བཏང་ནས་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་གྲོས་མོལ་ཞུ་དགོས་པའི་ཞལ་ཏ་གནང་སྟེ་བོད་ཞི་བས་བཅིངས་འགྲོལ་ཡོང་བར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་མཐའ་འཁྱོངས་གནང་། ཞེས་བཀོད་འདུག

 

གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྐོར་བཀོད་དོན། ༡༩༥༡ ལོའི་ཟླ་ ༢ པར་བོད་ས་གནས་སྲིད་གཞུང་གིས་མངགས་པའི་དབང་ཆ་ཆ་ཚང་ཡོད་པའི་དབུ་བཞུགས་སྐུ་ཚབ་ཀྱི་ཐོག་ནས་ཁོང་པེ་ཅིང་དུ་ཕེབས་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་ཞི་བའི་གྲོས་མོལ་གནང་ཞིང་། ཕྱོགས་གཉིས་ཀས་ཐུན་མོང་ཐོག་འབད་བརྩོན་གནང་མཐར་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན། ༽བཞག་ནས་ཁོང་གིས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་ནུས་པ་གལ་ཆེན་འདོན་པ་གནང་། ༡༩༥༦ ལོའི་ཟླ་ ༡༡ པར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཧིན་རྡུར་ཕེབས་ནས་ཇོ་བོ་ཤཱཀྱ་མུ་ནེ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དྲན་གསོའི་མཛད་སྒོར་ཞུགས་སྐབས་ཧིན་རྡུར་ཧམ་སྡོད་བྱས་ཡོད་པའི་ཁ་ཕྲལ་པས་ཏཱ་ལའི་བཀག་ཉར་ཐོག་ཧིན་རྡུར་ཡུལ་གྱར་སྲིད་གཞུང་ཟེར་བ་འཛུགས་རྒྱུའི་རེ་ངན་བཅངས། བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་གཙོ་བོ་གནང་བའི་རྒྱལ་གཅེས་མི་སྣ་རྣམས་ཀྱིས་འབྲེལ་ཡོད་ཕྱོགས་ལ་གཞོགས་འདེགས་ཧུར་ཐག་གནང་སྟེཏཱ་ལའི་བླ་མ་དང་ཁོང་གི་ལྷན་ཕེབས་དཔོན་རིགས་ལ་གོ་སྐོན་གང་ལེགས་གནང་མཐར་ཁ་ཕྲལ་པའི་ལྐོག་གཡོ་ཕམ་ཉེས་སུ་ཕྱིན། ༡༩༥༩ ལོའི་ཟླ་ ༣ པར་བོད་ཀྱི་མཐོ་རིམ་ལོག་སྤྱོད་རུ་ཚོགས་ཀྱིས་ཁྱོན་ཡོངས་ནས་ངོ་ལོག་ཟིང་འཁྲུག་སློང་སྐབས་ཁོང་གིས་སྐུ་ཉིད་ཀྱི་བདེ་ཉེན་ལ་མ་འཛེམ་པར་ཀྲུང་གུང་བོད་ལས་དོན་ཨུ་ཡོན་ལྷན་ཁང་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་གྱི་གནས་ཚུལ་བརྡ་སྦྱོར་གནང་བ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པར་ཕྱག་བྲིས་གནང་ནས་ངོ་ལོག་ཟིང་འཁྲུག་སློང་མཁན་དང་ཁ་བྲལ་ཏེ་ཐག་གཅོད་ཡང་དག་པ་གནང་རྒྱུའི་རེ་བ་གནང་། ཞེས་བཀོད་འདུག

 

དཔྱད་གཏམ་ནང་མུ་མཐུད་བཀོད་དོན། ང་ཕོད་ཀྱིས་བོད་མི་དམངས་ལ་འགོ་ཁྲིད་དེ་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུའི་ལས་འགན་ལྕི་པོ་འཁུར་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ བཟོ་རྒྱུར་ཐེ་ཞུགས་དང་སྒྲིག་འཛུགས་གནང་། ཁོང་གིས་འབད་བརྩོན་ཆེན་པོས་ཕྱག་ལས་ཏན་ཏིག་གནང་སྟེ་ཀྲུང་དབྱང་གི་མི་རིགས་ལས་དོན་གྱི་དགོངས་དོན་ལག་ལེན་ཧུར་ཐག་བསྟར་ཐོག་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་བརྩོན་བྱེད་པ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲུང་སྐྱོང་ཧུར་ཐག་གནང་བ་དང་། མི་རིགས་ས་ཁུལ་དང་རྒྱལ་ཡོངས་ས་གནས་ཁག་ཏུ་ཐེངས་མང་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་གནང་སྟེ་མི་རིགས་ས་ཁོངས་རང་སྐྱོང་གི་འཕེལ་རིམ་ལ་སྐུལ་འདེད་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་བདེ་བླག་ངང་ལག་བསྟར་ཡོང་བའི་འགན་ལེན་ཐོག་མི་རིགས་ས་ཁུལ་གོང་འཕེལ་འགྲོ་བར་སྐུལ་འདེད་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ཆེད་དུ་ཐུགས་ནུས་ཆེན་པོ་བཏོནཞེས་བཀོད་འདུག

 

དུས་རབས་ ༢༠ པའི་ལོ་རབས་༨༠ ཡི་དུས་མཇུག་ཏུ་རྒྱལ་སྤྱིའི་ཐོག་གི་དགྲར་འཛིན་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་དང་རྒྱལ་ཕྱིར་ཡུལ་གྱར་སོང་བའི་བོད་ཀྱི་ཁ་ཕྲལ་རིང་ལུགས་རུ་ཚོགས་ཀྱིས་ངན་སྐུལ་བྱས་པའི་འོག་ལྷ་སར་སྐབས་ཤིག་རིང་ཟིང་ཆ་ལངས། ཁོང་གིས་དར་ཆ་གསལ་སྟོན་གྱི་སྒོ་ནས་མེས་རྒྱལ་ཁ་བྲལ་གཏོང་བའི་ནག་ཉེས་སྤྱོད་ངན་མཐའ་དག་ལ་ངོ་རྒོལ་གནང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། ཁོང་གིས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་གསེར་བུམ་དཀྲུག་འདོན་དང་ཀྲུང་དབྱང་སྲིད་གཞུང་གི་ཞིབ་བཤེར་ཆོག་མཆན་འཐོབ་དགོས་པའི་རྩ་དོན་ལ་བརྩི་སྲུང་ཞུས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་ངོས་འཛིན་གཏན་འཁེལ་ཞུ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བྱ་གཞག་ཁག་ལ་ཐུགས་འཁུར་ཆེ་བཞེས་གནང་ཐོག་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་གནད་དོན་གལ་ཆེན་ཐོག་སྦ་གསང་མེད་པར་སྐུ་ཉིད་ཀྱི་དགོངས་འཆར་དང་གྲོས་འགོ་འདོན་པ་གནང་སྟེ་རང་རྒྱལ་གྱི་མི་རིགས་ལས་དོན་དང་དེ་བཞིན་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་དང་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་ཆེད་སྐུ་ཚེ་གང་པོའི་ཐུགས་ནུས་ཡོད་རྒུ་འདོན་པ་གནང

 

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་སྤྱི་ཚོགས་ཀྱི་མཛད་སྒོ་གནང་མཁན་གྲགས་ཅན་ཡིན་ཞིང་། ཁོང་དང་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་རྣམ་གཉིས་ཀྱིས་ཐུན་མོང་ཐོག་དམངས་ཁྲོད་ཀྱི་དགེ་ལས་རྩ་འཛུགས་བོད་སྐྱོར་ཐེབས་རྩ་ལྷན་ཚོགས་ཞེས་པ་འཛུགས་པ་གནང་བ་དང་འབྲེལ་ལས་འཛིན་པ་གཙོ་བོའི་ཐུགས་འགན་ཡང་བཞེས་ནས་བོད་ཀྱི་དཔལ་འབྱོར་དང་། རིག་གནས། སློབ་གསོ། སྐད་ཡིག་བཅས་གོང་འཕེལ་གཏོང་རྒྱུའི་ཆེད་དུ་ཕྱོགས་གང་ས་ནས་འཆར་འགོད་གནང་། ཁོང་གིས་རྒྱལ་སྤྱིའི་མཛའ་གྲོགས་སྤེལ་རེས་ཀྱི་མཛད་སྒོའི་ནང་ཐེ་ཞུགས་ཧུར་ཐག་གནང་སྟེ་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་བོད་ཡར་ཐོན་གོང་འཕེལ་འགྲོ་ཚུལ་དྲིལ་བསྒྲགས་ཤུགས་ཆེ་དང་། ཀྲུང་ཧྭའི་མི་རིགས་ཁག་དབར་འོ་ཆུ་འདྲེས་པ་ལྟར་སུ་ཡང་སུ་དང་འབྲལ་ཐབས་མེད་པའི་ལོ་རྒྱུས་ཀྱི་འབྲེལ་བ་དང་ད་ལྟའི་འབྲེལ་བ་དྲིལ་བསྒྲགས་ཤུགས་ཆེ་གནང་ནས་ཁ་བྲལ་རིང་ལུགས་ཀྱི་གཏམ་སྤྱོད་ལ་དགག་པ་བསྐྱོན་པས་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་གྲོགས་པོ་ཚོའི་བརྩི་འཇོག་ཐོབ། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་མཐོང་ཆེན་གནང་སྟེ་བོད་ཀྱི་ཕུལ་བྱུང་རིག་གནས་སྲུང་སྤེལ་བྱ་རྒྱུར་ཐུགས་ནུས་ཆེན་པོ་འདོན་པ་གནང་། ༢༠༠༤ ལོར་བོད་ཀྱི་རིག་གནས་ལ་ཐུགས་འཁུར་དང་དགའ་ཞེན་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་མི་སྣ་ཁག་གཅིག་གིས་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས་བཙུགས་ཤིང་། སྤྱི་ཚོགས་ལས་རིགས་ཁག་གིས་འོས་སྦྱོར་གནང་བའི་འོག ཁོང་གིས་སྐུ་ན་མཐོ་ཞིང་སྐུ་གཟུགས་ཞན་པར་མ་འཛེམ་པར་སྐུ་ངོ་མས་ཚོགས་གཙོའི་ཐུགས་འགན་བཞེས་ནས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་ཚུལ་ངོ་མ་དྲིལ་བསྒྲགས་གནང་།

 

བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་ཀྱི་རྒྱལ་གཅེས་ཡར་ཐོན་མི་སྣའི་ནང་གི་ཁྱད་དུ་འཕགས་པའི་ཚབ་མཚོན་པ་ཞིག་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣ་དང་གྲངས་ཉུང་མི་རིགས་ཀྱི་མི་སྣའི་དར་ཆ་ཞིག་ཡིན། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཀྱི་འགན་སེམས་ཧ་ཅང་ཆེན་པོ་བཅངས་ཐོག ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ལངས་ཕྱོགས་ཐོག་བཞེངས་ནས་ཀྲུང་གོ་གུང་ཁྲན་ཏང་དང་གཅིག་སེམས་གཅིག་གཏད་དང་ཁྲེལ་གྲགས་མཉམ་འཁུར་གནང་ཡོད། ཁོང་གིས་བདེན་དོན་བརྩོན་གཉེར་དང་དམ་བཅའ་འགྱུར་མེད་གནང་བའི་བླ་ན་མེད་པའི་སྙིང་སྟོབས་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་གནང་བའི་རྒྱལ་གཅེས་ཀྱི་བཞེངས་ཕྱོགས། དོ་དོ་ཏན་ཏན་དང་ནུས་སྟོབས་ཡོད་རྒུ་འདོན་པ་གནང་བའི་ཕུལ་བྱུང་གི་གཤིས་བཟང་སོགས་ནི་ང་ཚོས་དུས་ནམ་ཡང་གུས་བཀུར་དང་སློབ་སྦྱོང་ཞུ་འོས་པ་ཞིག་ཡིན།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “རྒྱ་ནག་གིས་ང་ཕོད་གླེང་སྟངས་ཤིག

  1. བྱམས་རྒྱལ།

    ཁྱི་རྒན་ཚོས་སྔར་མ་ཝའི་རིགས་བརྒྱུད་འདི་ལ་བསྟོད་བསྟོད་། ང་ཚོས་འདིའི་ལྡོག་ཕྱོགས་ནས་རྐྱང་རྐྱང་གོ་གི་འདུག་།

    ཝ་རྔ་མ་ཤལ་ལེ་བྲོས་པ་ལས།
    སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ་།
    མི་ལུས་ཐོབ་པ་ལན་གཅིག་ལ།
    གཏམ་ངན་ཕྱིར་བཞག་ཨ་དགོས་ཆུང་།

  2. འདི་རུ་བོད་པ་ཚོས་ང་ཕོད་ཀྱི་སྐད་ཆ་དྲང་པོ་ཞིག་བཤད་ཡོད་ན་བསམ་ནས་རེ་བ་བྱས་པ་དང་། དེ་ལྟར་བཤད་མ་སོང་བསམ་ནས་སྙིང་ན་གི་ཡོད་པ་འདྲ། བསམ་བློ་ཡག་པོ་བཏང་ན་ང་ཕོད་ཀྱིས་དྲང་པོ་ཞིག་བཤད་པས་བོད་ལ་ཕན་ཐོགས་རྒྱུ་ཁག་པོ་རེད། ང་ཚོར་ལོ་རྒྱུས་ཀྱི་བདེན་དཔང་གིས་མ་འདང་བའི་དབང་གིས་ཕམ་ཡོད་པ་མ་རེད། ང་ཚོར་སྟོབས་ཤུགས་དང་མི་འབོར་གྱིས་མ་འདང་བར་ཕམ་བསྡད་ཡོད་པ་རེད། དེ་ཕྱིར་ང་ཕོད་ཀྱིས་ཁོ་རང་གི་ཉམས་མྱོང་དམར་རྗེན་མ་ཞིག་བྲིས་ཡོད་ན། ང་ཚོའི་ཁ་ལ་བགྲང་རྒྱུ་དང་གསར་ཤོག་ཁག་ནང་འགོད་་རྒྱུའི་བསྔགས་ཡིག་གསར་བ་ཞིག་རག་པ་དང་གཅིག་རེད། འོན་ཀྱང་དེས་རྒྱ་གཞུང་ལ་འགྱུར་བ་ཐོངས་གི་མ་རེད། འདིར་གྱོང་རག་ས་གཙོ་བོ་ང་ཕོད་དང་ང་ཕོད་ཀྱི་བུ་རྒྱུད་ལ་ཕོག་ཡོད་པ་རེད། གང་ཡིན་ཟེར་ན་ང་ཕོད་བོད་རྒྱ་གཉིས་ཀྱི་བར་གི་ལོ་རྒྱུས་ལྡན་པའི་མི་སྣ་ཆེས་གལ་ཆེན་ཞིག་ཆགས་ཡོད་ནའང་། ཁོ་རང་གིས་གོ་སྐབས་དེ་ལྟོ་གོས་ཁོ་ནར་བརྗེ་བཞག་པ་རེད། ང་ཕོད་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་བྱེད་མ་ཐུབ་པ་རེད། གལ་སྲིད་ཁོས་རང་ཉིད་ལོ་རྒྱུས་ཀྱི་དཔང་པོར་གྱུར་བའི་མི་སྣ་གལ་ཆེན་ཞིག་བྱེད་རྒྱུའི་གོ་སྐབས་རྩ་ཆེན་པོ་ཐོབ་པ་དེ་ལྟོ་གོས་བཟང་པོ་ཙམ་ལ་བརྗེ་མེད་ན། ཁོ་རང་དང་ཁོ་རང་གི་བུ་རབས་ཚ་རྒྱུད་ལ་མུ་མཐུད་ལོ་རྒྱུས་ཀྱི་ཁྲོད་དུ་གཟི་བརྗིད་ཆེན་པོའི་གོ་གནས་ཤིག་བསྐྲུན་ཐུབ་ཡོད་པ་རེད། འོན་ཀྱང་ཁོས་རང་གི་བུ་རབས་ཚ་རྒྱུད་ལ་ལྟོ་གོས་བཟང་པོ་ཙམ་དང་མཉམ་དུ་ཞབས་འདྲེན་དང་ངོ་ཚ་ལུང་བ་གང་བཞག་ནས་ཁྱི་ནང་བཞིན་ཤི་སོང་བ་རེད། ཤི་ཚར་བའི་ཕྱིར་ཉིན་ནས་དངོས་བྱུང་གི་ལོ་རྒྱུས་ཐོག་གླེང་རིན་དང་དགོས་མཁོ་མེད་པའི་ཁྱི་རོ་ཞིག་དང་གཅིག་པ་ཆགས་ཚར་བ་རེད།

  3. སྤོབས་པ་མཐའ་ཡས།

    རེད། རེད། ཁྱི་རྐུན་ཚོ་འོ་ཟོའི་ཁ་ནས་མཐུན་སོང་བ་རེད། ངན་པས་ངན་པ་བསྟོད། ཕག་གིས་སྐྱག་པ་བསྟོད།