རྒྱ་ནག་སྒེའུ་ཁུང་།

 

ཅང་འཛིན་བཟུང་གི་བཀའ་རྒྱ་བསྒྲགས་པ།

ཉེ་སྔོན་སི་པན་གྱི་ཁྲིམས་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་གཙོས་རྒྱ་ནག་དམར་ཤོག་མགོ་ཁྲིད་ ༥ ལ་ཚོགས་སྡེ་རྩ་གཏོར་གྱི་ཉེས་དོན་ཁྲིམས་བཤེར་བྱས་རྗེས། ཨར་རྗན་ཊི་ནའི་ཁྲིམས་ཁང་གིས་ཀྱང་རྒྱ་ནག་ཏུ་ཆོས་འཁོར་རྩ་རླུང་བ་དམར་གསོད་དྲག་གནོན་བྱས་པའི་ཉེས་དམིགས་འོག། ཨར་རྗན་ཊི་ན་མཉམ་འབྲེལ་ཁྲིམས་ཁང་གི་ཁྲིམས་དཔོན་  ལ་མ་ཏིག་ལི་ ཡིས་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་དམར་ཤོག་སྲིད་འཛིན་ཟུར་པ་ཅང་དང་། རྒྱ་ནག་དམར་ཤོག་ཁྲིམས་འཛིན་འཐུས་ཚོགས་ཀྱི་ཚོགས་གཙོ་ལོ་ཀན་གཉིས་ལ་རྒྱལ་སྤྱིའི་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་རེད། འདི་ནི་རྒྱལ་སྤྱིའི་སྟེང་ཆོས་འཁོར་རྩ་རླུང་བར་དམག་གསོད་དྲག་གནོན་བྱས་པའི་ཉེས་དོན་ལ་ཁྲིམས་ཐོག་ནས་ལས་འགུལ་སྤེལ་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཆགས་ཡོད་པ་དང་། ཨར་རྗན་ཊི་ནའི་རྩ་ཁྲིམས་ལྟར་༼ཡོངས་ཁྱབ་འགན་སྐྱོང་༽དང་༼འདྲི་ཞིབ་རྩིས་སྤྲོད་༽ཀྱི་ཁྲིམས་གཞིའི་རྩ་དོན་གཉིས་ཀྱི་སྟེང་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག རྩ་དོན་འདི་གཉིས་ནི་ཨར་རྗན་ཊི་ནའི་མཉམ་འབྲེལ་ཁྲིམས་ཁང་གིས་རྒྱལ་ཁབ་གཞན་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐག་གཅོད་བྱེད་ཆོག་པའི་ཁྲིམས་གཞི་ཞིག་ཡིན་པ་དང་། ཁྲིམས་གཞི་འདི་བརྒྱུད་ནས་ཅང་དང་ལོ་ཀན་གཉིས་ཨར་རྗན་ཊི་ནའི་རྒྱལ་ཁོངས་སུ་སླེབས་ཚེ་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད།  ༢༠༠༥ ལོའི་ཟླ་ ༡༢ པའི་ནང་རྒྱ་ནག་གི་མགོ་ཁྲིད་ལོ་ཀན་ཨར་རྗན་ཊི་ནར་རྒྱལ་དོན་འཚམས་གཟིགས་སུ་བསླེབས་སྐབས། རྒྱལ་ཁབ་དེར་གནས་སྡོད་ཆོས་འཁོར་རྩ་རླུང་ཚོགས་པའི་ཚོགས་གཙོ་ཀྲང་ཕུའུ་ལིན་གྱིས་ཉེས་དོན་འདི་ས་གནས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་ཡོད་པ་རེད།   ཁྲིམས་དཔོན་ལ་མ་ཏིག་ལི་ཡིས་ ༢༠༠༦ ལོར་ཉེས་དོན་འདིར་ཁྲིམས་ཞིབ་བྱེད་མགོ་བརྩམས་ཏེ། ལོ་ངོ་བཞིའི་རིང་ལ་ཨ་རིའི་ཉེའུ་ཡོག་ཏུ་ཡོད་པའི་གནོད་སྐྱོན་ཕོག་མཁན་དག་ལ་འབྲེལ་གཏུགས་ཀྱིས་བདེན་དཔང་འཕེར་བ་བྱུང་ཡོད་པ་རེད། རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་ཡུས་ཀྱིས་ཕྱི་ཚེས་ ༢༤ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ལ། རྒྱལ་ཁབ་རེ་འགའི་ཆོས་འཁོར་རྩ་རླུང་དང་འབྲེལ་བའི་ཁྲིམས་བཤེར་དེས་རྒྱལ་ཁབ་ཕན་ཚུན་བར་གྱི་མཛའ་འབྲེལ་ལ་དོ་ཕོགས་བཏང་ཡོད་པ་དང་། ཆོས་འཁོར་རྩ་རླུང་ནི་རྒྱ་ནག་གཞུང་འབྲེལ་ཐོག་ལོག་ཆོས་ཤིག་ཡིན་པ་གཏན་འབེབས་བྱས་ཡོད་ལ། ཁྲིམས་བཤེར་དེ་ངོས་ལེན་ཡོངས་ཐབས་མེད་པ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད། ༡༩༩༩ ལོར་ཆོས་འཁོར་རྩ་རླུང་བ་སྟོང་ཕྲག་འགས་རྒྱ་ནག་དམར་ཤོག་གཞུང་གིས་ཆོས་དད་རང་མོས་ལ་བཀག་སྡོམ་བྱས་པར་ཞི་བའི་སྒོམ་སྒྲུབ་ཀྱི་རྣམ་པའི་ཐོག་ནས་ངོ་རྒོལ་བྱས་ཡོད་པ་དང་། དེ་རྗེས་ཅང་གཙོས་རྒྱ་ནག་དམར་ཤོག་མགོ་ཁྲིད་དག་གིས་ཆོས་འཁོར་རྩ་རླུང་ལ་དྲག་གནོན་བྱེད་པའི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད། ཆོས་འཁོར་རྩ་རླུང་ཆ་འཕྲིན་ལྟེ་གནས་ཀྱིས་བསྡོམས་རྩིས་བྱས་པའི་གྲངས་འབོར་ལྟར་ན། འདས་པའི་ལོ་བཅུའི་རིང་ལ་ཆོས་འཁོར་རྩ་རླུང་བ་ཁྲི་ཕྲག་འགའ་འཛིན་བྱུང་བྱས་ཡོད་པ་དང་། ༣༢༠༠ ལྷག་དམར་གསོད་བཏང་ཡོད་འདུག 

བོད་དང་ཤིན་ཅང་དུ་དམག་དཔུང་འདེམས་སྒྲིག

༢༠༠༨ ལོར་བོད་དང་ཤིན་ཅང་གི་ས་ཁུལ་དུ་སྔ་རྗེས་སུ་དོན་རྐྱེན་བྱུང་བའི་རྗེས། རྒྱ་གཞུང་གིས་དྲག་སྤྱོད་ལ་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་ཞེས་པའི་འབོད་ཚིག་འོག ཉེ་ལམ་ཤིན་ཅང་དང་བོད་ཁུལ་གྱི་དྲག་ཆས་དམག་དཔུང་གི་མགོ་བ་ཁག་བསྐྱར་དུ་འདེམས་སྒྲིག་བྱས་ཡོད་པ་རེད།  ལོ་ལྔའི་རིང་ལ་ཤིན་ཅང་དམག་ཁུལ་གྱི་ཆབ་སྲིད་འཐུས་མི་བྱས་མྱོང་བའི་རིམ་པ་འབྲིང་བའི་དམག་དཔོན་གྱི་གོ་གནས་ཡོད་པའི་ཐེན་ཞིག་སི་ཟེར་བ་དེ་ཁྲིན་ཏུ་དམག་ཁུལ་གྱི་ཆབ་སྲིད་འཐུས་མི་དང་དམག་ཁུལ་ཆེན་མོའི་དམག་དཔོན་གྱི་གོ་གནས་སུ་སྤར་ཡོད། བོད་ལྗོངས་དམག་ཁུལ་གྱི་རིམ་པ་འབྲིང་བའི་དམག་སྤྱི་ཧྲུའུ་ཡུས་ཐེ་ཟེར་བ་ཡང་ཁྲིན་ཏུ་དམག་ཁུལ་གྱི་དམག་སྤྱིར་བསྐོ་འཇོག་བྱས་ཡོད་ལ། ཁྲིན་ཏུ་དམག་ཁུལ་གྱི་འཆར་འགོད་སྡེ་ཚན་གྱི་དམག་སྤྱི་གཞོན་པ་ཡཱང་ཅིན་ཧྲན་བོད་ལྗོངས་དམག་ཁུལ་གྱི་དམག་སྤྱི་རུ་བསྐོ་འཇོག་བྱས་ཡོད།  ཧོང་ཀོང་དམངས་ཆེན་ཚགས་པར་སྟེང་གནས་ཚུལ་སྤེལ་དོན། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་ཆེ་བའི་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ཤིན་ཅང་དང་བོད་ལྗོངས་གཉིས་ལ་དམིགས་བཙུགས་ཏེ་དམག་དཔུང་དང་། དྲག་ཆོས་དམག་དཔུང་གི་ཆེས་མཐོའི་བློ་འདོན་དམག་དཔོན་སོགས་མགོ་ཁྲིད་གསར་དུ་འདེམས་སྒྲིག་བྱས་ཡོད་ལ།  རྒྱ་ནག་གི་ཞིང་ཆེན་ ༣༡ གི་གྲོང་ཁྱེར་དང་རང་སྐྱོང་ས་ཁུལ་ཡོངས་ཀྱི་ནང་ནས།  ཤིན་ཅང་དང་བོད་ལྗོངས་ཀྱི་དམག་ཁུལ་གཉིས་ནི་དམག་ཁུལ་ཆེན་མོའི་གནས་རིམ་དུ་སྤར་ཏེ་ཞིང་ཆེན་གཞན་ཉེར་དགུ་ལས་གནས་རིམ་མཐོ་བ་དེ་ཆགས་ཡོད་པ་དང་། དམག་ཁུལ་ཆེན་པོ་དེ་གཉིས་ཀྱི་སྲུང་སྐྱོབ་ས་ཁུལ་དག་ཀྱང་ཕན་ཚུན་མཉམ་འབྲེལ་གཞོགས་འདེགས་ཀྱི་རྣམ་པ་ལྡན་ཡོད་དེ། མངའ་རིས་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་མངའ་ཁོངས་ཡིན་ནའང་། དམག་དོན་སྲུང་སྐྱོབ་ཀྱི་ཐད་ནས་ཤིན་ཅང་དམག་ཁུལ་གྱི་བཀོད་འདོམས་འོག་བཞག་ཡོད་པ་རེད། དེ་བཞིན། རྒྱ་ནག་དབུས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དབུས་དམག་ལྷན་ཁང་གིས་ ༢༠༠༨ གྱི་ལོ་སྨད་དུ་ཤིན་ཅང་སྤྱི་ཁྱབ་དྲག་ཆས་རུ་དཔུང་དང་པེ་ཅིན་སྤྱི་ཁྱབ་དྲག་ཆས་རུ་དཔུང་གཉིས་དམག་ཁུལ་ངོ་མའི་གནས་རིམ་དུ་སྤར་ཡོད་པར་མ་ཟད། ༧་༥ ཤིན་ཅང་དོན་རྐྱེན་བྱུས་རྗེས་རྒྱ་ནག་དབུས་གཞུང་གིས་པེ་ཅིན་དང་ཧྲན་ཞི། ཧྲན་ཞིས་བཅས་ཀྱི་དམག་ཁུལ་ནས་དམག་དཔུང་དྲག་འདེམས་ཀྱིས་ཤིན་ཅང་དུ་ཆེད་གཏོང་བྱས་ཡོད་འདུག

ཏང་གི་སྒྲིག་འཛུགས་ལས་ཕྱིར་འབུད་བྱས་པ།

དེ་སྔ་ཅི་ལིན་ཞིང་ཆེན་དམག་ཁུལ་གྱི་གསར་འགྱུར་རྩོམ་ཡིག་འབྲི་མཁན་ཁྲིན་སུའུ་ལ་དམག་ཁུལ་གྱི་མཐོ་རིམ་དམག་དཔོན་འགས་མཉམ་རུབ་ཀྱིས་བཙན་གཡེམ་བྱས་རྗེས་དམར་གསོད་བྱས་ཡོད་པར་མ་ཟད། ཁོ་མོའི་གཉེན་མི་མ་ཐོན་གོང་ནས་ལུས་ཕུང་མེར་བསྲེགས་བཏང་སྟེ་དངོས་ཡོད་གནས་ཚུལ་ལྐོག་སྦས་བྱས་ཡོད་པ་རེད།  དོན་རྐྱེན་དེའི་ཐད་གོང་རིམ་ནས་ཞིབ་བཤེར་བྱ་རྒྱུ་ཡིན་ཚུལ་ཁས་ལེན་བྱས་ཏེ་ལོ་གསུམ་ལྷག་འདས་ཟིན་ནའང་། ད་ལྟ་ད་དུང་གྲགས་འགུལ་ཅི་ཡང་མེད་པར་གྱུར་ཡོད་པ་རེད།  ཉེ་སྔོན་ཁོ་མོའི་ཨ་ཕ་ཁྲིན་ཏ་ཧྲན་གྱིས་ཅི་ལིན་དམག་ཁུལ་གྱི་འབྲེལ་ཡོད་དམག་དཔོན་རེ་འགའ་བརྒྱུད་གནས་ཚུལ་དངོས་ཤེས་རྟོགས་བྱུང་རྗེས། སློབ་འབྲིང་སྐབས་སུ་དམར་ཤོག་ཐོན་རུ་ཁག་ཏུ་ཞུགས་ཡོད་པའི་རང་ཉིད་ཀྱི་བུ་མོ་ཁྲིན་སུའུ་དང་། ད་ལྟ་རང་ལོ་ ༨༨ ལ་སོན་ཞིང་། དེ་སྔ་བཅིངས་འགྲོལ་དམག་མིའི་ཁྲོད་ཞུགས་ཏེ་མི་ཚེ་ཧྲིལ་བོ་ཕུད་མྱོང་ཡོད་པའི་རང་ཉིད་ཀྱི་ཕ་རྒན། དེ་བཞིན་བྱིས་དུས་སུ་ན་ཆུང་རུ་མིའི་ཁྲོད་ཞུགས་མྱོང་བའི་རང་ཉིད་བཅས་ཁོ་ཚང་མི་རབས་གསུམ་གྱིས་དམར་ཤོག་གཞུང་ལ་ཡིད་ཆེས་ལྷག་བསམ་ཕུལ་མྱོང་བར་བློ་འགྱོད་དང་བཅས། ཁོང་གསུམ་གྱི་ཚབ་བྱས་ཏེ་དམར་ཤོག་པའི་རྩ་འཛུགས་ཁག་གི་ནང་ནས་ཕྱིར་ཐོན་བྱས་པ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པར་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་སྲིད་འཛིན་ཧུའུ་ཡི་མིང་ཐོག་ཏུ་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་ཀྱང་ཕུལ་ཡོད་འདུག  ཁྲིན་སུའུ་ནི་རྒྱ་ནག་ཅི་ལིན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་གྱི་མི་སེར་ཁྲིན་ཏ་ཧྲན་གྱི་བུ་མོ་ཡིན་པ་དང་། ཁོ་མོ་སློབ་ཆེན་དུ་ཚུད་ནས་སློབ་སྐབས་གཅིག་འདས་པའི་རྗེས་ཏེ། ༢༠༠༥ ལོར་ཅི་ལིན་ཞིང་ཆེན་དམག་ཁུལ་གྱིས་སློབ་ཆེན་ཁག་གི་སློབ་མ་རྣམས་དམག་མིའི་ཁྲོད་འཛུལ་ཞུགས་ཡོང་བའི་རེ་སྐུལ་གསལ་བསྒྲགས་སྤེལ་སྐབས་དམག་མིའི་ནང་གསར་འཛུལ་བྱས་ཡོད་ལ། ༢༠༠༦ ཕྱི་ཟླ་ ༦ པའི་ཚེས་ ༢༧ ཉིན་དམག་ཁུལ་གྱིས་ཁོ་མོ་རྐྱེན་འདས་སུ་གྱུར་ཟིན་པའི་སྐོར་ནང་མིར་བརྗོད་ཡོད་པ་རེད། 

མའོ་ཡི་དུར་ཁང་དུ་ཏང་ལ་ངོ་རྒོལ་བྱས་པ།

གཟའ་འཁོར་སྔོན་མའི་ནང་དུ་པེ་ཅིན་གྱི་ཁྲིམས་འཛིན་སྤྱི་བདེ་མི་སྣ་དག་གིས་ཡི་ཤུའི་འཁྲུངས་སྐར་དུས་ཆེན་ཀྱི་སྐབས་དང་བསྟུན་ནས་ས་ཕྱོགས་སོ་སོ་ནས་པེ་ཅིན་དུ་ཞུ་གཏུགས་སུ་ཐོན་པའི་མང་ཚོགས་ལ་དྲག་གནོན་གྱི་ལས་འགུལ་སྤེལ་ཡོད་པ་དང་། ཞུ་གཏུགས་ལ་འོངས་པའི་སྐྱེས་པ་ཞིག་རྒྱ་ནག་དབུས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཕྱི་ལོགས་སུ་རྐྱེན་འདས་སུ་བཏང་ཡོད་འདུག  དེར་བརྟེན། ཕྱི་ཚེས་ ༢༦ སྟེ་མའོ་ཡི་སྐྱེས་སྐར་གྱི་ཉིན་མོར་པེ་ཅིན་དུ་དབུས་གཞུང་ལ་གཏུགས་བཤེར་དུ་ཡོང་པའི་མི་ཚོགས་མང་པོ་མའོ་ཡི་རྗེས་དྲན་དུར་ཁང་དུ་སོང་སྟེ་ད་ལྟའི་དམར་ཤོག་དཔོན་རིགས་ཚོའི་རུལ་སུངས་ཀྱི་གནས་སྟངས་ལ་ངོ་རྒོལ་བྱས་ཡོད་འདུག མི་མང་གི་ཞུ་གཏུགས་ཀྱི་སྐོར་ལ་རོགས་སྐྱོར་གནང་བཞིན་པའི་དམངས་ཁྲོད་ཀྱི་རྩ་འཛུགས་ཚོགས་པ་ཞིག་གི་འགན་ཡོད་མི་སྣ་ལིག་ཨན་ཅོན་གྱིས་ཨ་རུའི་རླུང་འཕྲིན་ཁང་དུ་བརྗོད་དོན། ང་ཚོས་གདོང་གཏད་བཞིན་པ་དེ་སུ་ཡིན་པ་དང་། དེ་ཇི་འདྲ་ཞིག་ཡིན་པར་བསམ་གཞིགས་ཞིབ་ཏུ་གཏོང་དགོས་ཀྱིན་འདུག  གལ་སྲིད། ང་ཚོས་གདོང་གཏད་ས་དེ་ནི་མི་སེམས་དང་བྲལ་བ་ཞིག་ཡིན་ཚེ། ངས་བསམ་ན་ང་ཚོས་ད་དུང་བཟོད་སྒོམ་དང་ངང་རིང་ཇི་ལྟར་བྱས་ཀྱང་། ཕྱིར་ང་ཚོར་འཐོབ་སྲིད་པ་ནི་སྔར་བས་ཀྱང་གཏུམ་དྲག་དང་གདུག་རྩུབ་ཀྱི་བྱ་སྤྱོད་ཅིག་ལས་མ་འདས་ཞེས་བརྗོད་ཡོད།

རྒྱ་གཞུང་གིས་ཧོང་ཀོང་ལ་ཁ་རྡུང་བཏང་བ།

འཇར་མན་རླུང་འཕྲིན་དྲ་བའི་སྟེང་གནས་ཚུལ་སྤེལ་དོན། ཉེ་ཆར་ཧུའུ་ཅིན་ཐའོ་ཡིས་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་ཚུན་ཡུན་ཆོན་ལ་ཐུག་འཕྲད་སྐབས་ཆབ་སྲིད་གནད་དོན་ཐག་གཅོད་ཐད་ཡར་རྒྱས་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བདེ་འཇག་སྲུང་སྐྱོབ་ཀྱི་སྐོར་གྱི་ལས་འགན་སྒྲུབ་མ་ཐུབ་པར་སྐྱོན་བརྗོད་བྱས་ཡོད་པ་རེད། དེ་བཞིན་ཧོང་ཀོང་གཞུང་འཛིན་བརྙན་འཕྲིན་ཁག་ཏུ་གནས་ཚུལ་སྤེལ་དོན། གཟའ་འཁོར་སྔོན་མའི་ནང་དུ་རྒྱ་ནག་གི་སྲིད་བློན་ཝུན་ཇ་པོས་ཀྱང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ཚུན་ཡུན་ཆོན་ལ་ཐུག་འཕྲད་སྐབས་ཀྱང་།  རྒྱབ་ལྗོངས་དང་ཤུགས་རྐྱེན་ཟབ་པའི་དོན་རྐྱེན་ཁག་ཐག་གཅོད་བྱེད་ཕྱོགས་དང་ལས་འགན་མཇུག་འབྲས་ལེགས་པོ་མ་བྱུང་བའི་སྐོར་གྱི་ཁ་རྡུང་བཏང་ཡོད་འདུག  ཉམས་ཞིབ་པ་དག་གིས་འགྲེལ་བརྗོད་བྱས་དོན། ཧོང་ཀོང་ས་གནས་སྲིད་གཞུང་གི་དེ་སྔའི་དབྱིན་ཇིའི་དབང་བསྒྱུར་སྐབས་ཀྱི་ལམ་ལུགས་དེ་འོས་ཤོག་བརྒྱུད་བཅོས་བསྒྱུར་ཡོང་ཐབས་ཀྱི་རྒྱ་ནག་དབུས་གཞུང་གི་འཆར་དོན་ཐད། ཁ་གཏད་ཚོགས་པས་ངོ་རྒོལ་བྱས་པ་དང་། དེ་བཞིན་ཧོང་ཀོང་ཁྲིམས་ལུགས་ལྷན་ཚོགས་ཀྱི་དམངས་གཙོ་ཤོག་ཁག་གི་འཐུས་མི་དག་གིས་སྲིད་གཞུང་གི་འཆར་འགོད་དེ་ནི། དངོས་བདེན་དམངས་གཙོའི་ལམ་ལུགས་ཐོག་སྤྱི་མོས་འོས་འདེམས་ཐུབ་རྒྱུར་ཧེ་བག་ཆེན་པོ་ཡོད་པའི་བསྐྱོན་བརྗོད་གནང་སྟེ་ལས་གཞི་ལག་སྟར་བྱེད་ཐབས་བྱུང་མེད་པ་རེད། པེ་ཅིན་དུ་ཉིན་གསུམ་རིང་ཧོང་ཀོང་འབྲེལ་ཡོད་ལས་དོན་སྙན་སྒྲོན་ཞུ་རུ་ཡོང་བའི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་ཚུན་ཡུན་ཆོན་ལ་རྒྱ་ནག་དབུས་གཞུང་གི་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པར་མ་ཟད། ཝུན་ཇ་པའོ་ཡི་ཁ་རྡུང་དེ་ནི་ཁོས་ལོ་ལྔའི་རིང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྲིད་འཛིན་ཁུར་རིང་ཕོགས་པའི་ཁ་རྡུང་གནག་ཤོས་དེ་ཆགས་ཡོད་པ་རེད།  གཞན་ཡང་། ཧའོ་ཅིན་ཐའོ་ཡིས་ཉིན་འགའི་སྔོན་དུ་ཨོ་མིན་དུ་སོང་སྟེ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཐད་གྲུབ་འབྲས་ལེགས་པོ་བླངས་ཡོད་ཚུལ་བསྟོད་བསྔགས་བྱས་ཡོད་པ་རེད།

དྲག་རྡུང་གི་གྲུབ་འབྲས་མགོ་མཇུག་ལྡོག་པ།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན། ད་ལྟའི་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་མགོ་གཙོ་པའོ་ཡན་ལེ་ནི་དེ་སྔ་རྒྱ་ནག་དབུས་བཟོ་ཚོང་ལྷན་ཚོགས་ཀྱི་མགོ་གཙོ་དང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཀྱི་གྲས་ཀྱང་ཡིན་པ་རེད།  ༢༠༠༧ གྱི་ལོ་མགོར་རྒྱ་ནག་གི་སྲིད་བློན་ཟུར་བ་པའོ་ཡུས་ཕའོ་སྟེ་གསར་རྗེ་རྒན་རབས་པའི་གྲས་ཀྱི་ཁོང་གི་ཕ་རྒན་འདས་གྲོངས་སུ་གྱུར་རྗེས། ལོ་དེའི་ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ལས་བསྒྱུར་གྱིས་ཁྲུང་ཆིན་གྲོང་ཁྱེར་གྱི་མགོ་གཙོ་རུ་ལས་སྤོར་བྱས་རྗེས། ཁོས་ཧི་གོ་ཆང་དང་ཝུང་ཡང་གཉིས་ལ་འཇིགས་སྣང་སྐུར་ཏེ་རང་ཉིད་ལས་གནས་འདི་ནས་ལས་བསྒྱུར་བྱེད་ཐབས་སུ། ཁྲུང་ཆིན་གྲོང་ཁྱེར་ཁུལ་དུ་ནག་ཚོགས་ལ་དྲག་རྡུང་ཞེས་པའི་དམར་པོའི་ལས་འགུལ་ཞིག་བརྩམས་ཏེ་ཁྲོང་ཁྱེར་ཧྲིལ་བོར་གཡོ་འགུལ་བཟོས་ཡོད་པ་རེད། ཡིན་ནའང་། རྒྱ་ནག་དབུས་གཞུང་གིས་ཁོར་ཡ་ལན་ཅི་ཡང་མ་སྤྲད་པར་བརྟེན་ཁོ་ཐབས་ཟད་འུ་ཐུག་ཏུ་གྱུར་དེ། ཁྲུང་ཆིན་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ་ཝང་ཧུང་ཅུས་ནག་ཚོགས་ཀྱི་རྒྱབ་རིར་ཐེར་འདོན་གྱིས་ལས་གནས་ནས་ཕུད་དེ་རང་ཉིད་ཀྱི་ནག་ཚོགས་དྲག་རྡུང་ལས་འགུལ་མཇུག་བསྡུ་ཐབས་བྱས་ཏེ། ཕྱི་ཚེས་ ༣ ཉིན་ཁྲུང་ཆིན་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཐོག་ཝང་ཧུང་ཅུས་མགོ་གཙོ་གཞོན་པ་ནས་ལས་དབྱུང་དུ་བཏང་ཡོད་པ་རེད། ཡིན་ནའང་། ཕྱི་ཚེས་ ༢༦ ཉིན་གྱི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་མཇུག་སྡོམ་ཐོག  སྲིད་འཛིན་ཧུའུ་ཡི་མཚན་ཐོག་ནས། ཝང་ཧུང་ཅུས་རྒྱ་ནག་དབུས་གཞུང་གི་དམངས་འཐུས་ཁོར་ཡུག་དང་ཐོན་ཁུངས་བདག་གཉེར་འཐུས་ཚོགས་ཀྱི་ཚོགས་གཙོ་གཞོན་པར་བསྐོ་འཐེན་བྱས་པ་ཡོངས་ཁྱབ་སྤྱི་བསྒྲགས་བྱས་ཡོད་པ་རེད། དེར་བརྟེན་པའོ་ཡན་ལེ་ལ་རྒྱ་ནག་དབུས་དཔོན་རིགས་ཀྱི་ཁྲོད་དུ་དགྲ་བོ་གཅིག་ཇེ་མང་ལ་སོང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “རྒྱ་ནག་སྒེའུ་ཁུང་།

  1. ཅོ་རི་ཉི་མ།

    དེ་རིང་གསར་འགྱུར་སྐྱིད་པོ་ཞིག་ཀློག་རྒྱུ་བྱུང་ཡ།
    རྒྱ་ནག་གི་དཔོན་ངན་རྣམས་ཚང་མ་འཛིན་བཟུང་བྱེད་ནས་སྲོག་ཐོག་གཏོང་ཐོབ་ན་ཡག་པོ་ག་འདྲ། དེ་ནས་རང་དབང་དང་ཐོབ་ཐང་ཟེར་བ་དེ་ཚིག་ཙམ་མ་ཡིན་པ་བེད་སྤྱོད་འདྲ་ཡོང་རྒྱུ་མེད་འགྲོ

  2. བོད། ཤ་ཁྲག་རུས་གསུམ།

    འབའ་པ་སྐལ་བཟང་འཕྲིན་ལས་ལགས། དེ་ནི་བོད་མིས་གྱོད་གཏུགས་བྱས་པ་མ་ཡིན་པར། རྒྱ་མི་ཆོས་འཁོར་རྩ་རླུང་བ་དག་གིས་གྱོད་གཏུགས་བྱས་པ་ཞིག་ཡིན་དུས། ང་ཚོ་ལ་དེ་ན་ཁེ་ཕན་ཞིག་ཡོད་རབས་མེད། ལོ་ན་རྒས་པའི་རྒན་པོ་ཅང་ནི། ད་ནི་མིང་སྟོང་འོག་གི་འཇིག་རྟེན་འདིར་གྱེས་ལ་རན་པའི་མི་ཞིག་ཆགས་ཡོད་པ་རེད། དེ་འདྲ་ཞིག་ལ་འཐབ་རྩོད་བྱེད་རན་ཡོད་པ་མ་རེད། དེ་ལས་རྒྱ་ནག་གི་རྩ་ཁྲིམས་ལ་ངོ་རྒོལ་བྱས་པ་ཡིན་ན་ཡག་གི་རེད།

  3. འབའ་པ་སྐལ་བཟང་འཕྲིན་ལས།

    ཅང་ལགས འཛིན་བཟུང་གི་བཀའ་རྒྱ་བཀྲམ་པ་དེ་བོད་ལ་ཁྲིམས་ཐོག་ནས་རྒྱལ་ཁ་ཐོབ་པ་དང་པོ་རེད།