༧གོང་ས་མཆོག་ཨོ་རི་སར་ཕེབས་འབྱོར་བྱུང་བ།

ཁྱེད་རང་ཚོ་བོད་པའི་དགེ་རྒན་ཚོར་ཆ་བཞག་ན་རང་དོན་རང་གཅེས་རེད། སོ་སོའི་བུ་ཕྲུག་དང་སོ་སོའི་མི་རིགས་ལ་ཞབས་འདེགས་སྒྲུབ་ཀྱིན་ཡོད་སྟབས།  དངོས་གནས་ལྷག་བསམ་དང་སྙིང་སྟོབས་ཡོད་ན་དཀའ་ངལ་ཆེ་ས་དེར་ཞབས་འདེགས་བསྒྲུབ་རྒྱུ་དེ་རེད་ཅེས་༧གོང་ས་མཆོག་གིས་གསུངས་འདུག

ཕྱི་ཚེས་ ༩ ཉིན་༧གོང་ས་མཆོག་གིས་ཐེངས་འདིའི་རྡོར་གདན་གྱི་གསུང་ཆོས་ཡོངས་སུ་གྲུབ་རྗེས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་གི་སློབ་མ་རྣམས་ཀྱིས་གོ་སྒྲིག་བྱས་པའི་མཁན་པོ་འཇིགས་མེད་ཕུན་ཚོགས་ལགས་ཀྱི་འདས་མཆོད་སྟེང་ཆིབས་བསྒྱུར་གྱིས་ཐུགས་སྨོན་གསོལ་འདེབས་གནང་ཡོད་འདུག་ལ། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཀ་ལི་ཀ་ཏ་བརྒྱུད་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར་གནང་ཞིང་། དེར་ནམ་མཁའ་རིན་པོ་ཆེ་དང་དགེ་སྤྲུལ་རིན་པོ་ཆེས་གཙོས་པའི་དགེ་འདུན་པ་དང་གཞིས་ཆགས་བོད་རིགས་མི་མང་རྣམས་ཀྱི་ཕེབས་བསུའི་ཁྲོད་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པར་ཆིབས་བསྒྱུར་ཞབས་སོར་བཀོད་ཡོད་པ་དང་། ཉིན་རྒྱབ་དུ་༧གོང་ས་མཆོག་ཅན་ངྷི་གྷི་རའི་བོད་གཞུང་སློབ་གྲྭར་ཞབས་སོར་འཁོད་དེ། དེར་ཡོད་དགེ་སློབ་རྣམས་གཙོས་པའི་མི་མང་ལ་བཀའ་སློབ་གནང་ཡོད་པ་རེད།
 
༧གོང་ས་མཆོག་གིས། བོད་མི་ཚོ་བཙན་བྱོལ་དུ་འབྱོར་བའི་ཐོག་མར་སློབ་གྲྭ་གསར་འཛུགས་གནང་དགོས་དོན་ནི། སྔོན་ཆད་ང་ཚོས་དཔལ་ཎ་ལེན་ཌར་སློབ་སྦྱོང་བྱས་པ་ལྟར་བོད་ནང་དུ་མི་རབས་ནས་མི་རབས་སུ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་སློབ་སྦྱོང་བྱས་བསྡད་པ་རེད། ཡིན་ནའང་དེང་དུས་ཀྱི་ཤེས་ཡོན་ལ་ལྷོད་ཡངས་དང་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ཡོད་མཁན་མེད་པའི་དབང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་པ་དང་། འཛམ་གླིང་ཕྱི་ཕྱོགས་ཀྱི་གནས་ཚུལ་མང་པོ་ཞིག་མ་ཤེས་པའི་དབང་གིས། འཛམ་གླིང་སྤྱི་འགྲོས་ལྟར་འགྲོ་མ་ཐུབ་པའི་གྱོང་རག་པ་རེད། གནས་ཚུལ་དེ་དག་ལ་རྐྱེན་བྱས་ཏེ་ང་ཚོས་ཐོག་མར་སློབ་གྲྭ་གསར་འཛུགས་གནང་བ་རེད་ལ། ཆོས་ཕྱོགས་ཀྱི་སློབ་སྦྱོང་མུ་མཐུད་སྦྱངས་བ་དང་མཉམ་དུ་དེང་དུས་དང་མཐུན་པའི་ཆ་རྐྱེན་མ་འདང་བའི་ཆ་དེ་གསབ་ཐུབ་པའི་འཆར་གཞིའི་ཐོག་གསར་འཛུགས་གནང་བ་དང་། འདས་པའི་ལོ་ལྔ་བཅུའི་རིང་ཤེས་ཡོན་ཐོག་གྲུབ་འབྲས་གང་འཚམ་བླངས་ཡོད་ཅེས་བཀའ་སློབ་གནང་།

ཡང་༧གོང་ས་མཆོག་གིས་དེར་ཡོད་རྒྱ་གར་གྱི་དགེ་རྒན་རྣམས་ལ་བོད་མིའི་ཤེས་ཡོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་འབྲེལ། དེར་ཡོད་བོད་པའི་དགེ་རྒན་ཚོར་བཀའ་སློབ་གནང་དོན། ཁྱེད་རང་ཚོར་ཆ་བཞག་ན་རང་དོན་རང་གཅེས་རེད། སོ་སོའི་བུ་ཕྲུག་དང་སོ་སོའི་མི་རིགས་ལ་ཞབས་འདེགས་སྒྲུབ་ཀྱིན་ཡོད་སྟབས།  དངོས་གནས་ལྷག་བསམ་དང་སྙིང་སྟོབས་ཡོད་ན་དཀའ་ངལ་ཆེ་ས་དེར་ཞབས་འདེགས་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་གནང་བ་དང་མཉམ་དུ་༧གོང་ས་མཆོག་གིས་དེར་ཡོད་ཨོ་རི་ས་བོད་དགེའི་ལས་ཀ་གནང་བཞིན་པའི་མདོ་སྨད་ཕྱོགས་ནས་ཡོང་བའི་དགེ་རྒན་ཞིག་ལ་དམིགས་ཏེ་གསུངས་དོན། བོད་ནས་ཡོང་མཁན་བཙན་བྱོལ་བ་མང་པོ་ཞིག་ཨ་རི་དང་ཡུ་རོབ་ཁུལ་དུ་འགྲོ་བར་བྲེལ་ཡོད་པ་རེད། ཁྱེད་རང་ཨོ་རི་སའི་ས་ཆ་ཁུག་གྱོག་འདིར་དགེ་རྒན་བྱས་ཏེ་བསྡད་ཡོད་པ་རེད། དངོས་གནས་རླབས་ཆེན་རེད་ལ་དངོས་གནས་འགྲིག་འདུག  ཐུགས་རྗེ་ཆེ་ཞེས་བཀའ་སློབ་གནང་བར་མ་ཟད། སློབ་མ་རྣམས་ལ་སློབ་སྦྱོང་ཡག་པོ་བྱ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༢

Leave a Reply

4 thoughts on “༧གོང་ས་མཆོག་ཨོ་རི་སར་ཕེབས་འབྱོར་བྱུང་བ།

  1. རྩོམ་སྒྲིག་པ་ལགས། རིག་པ་འདོན་པ་ཞེས་པ་དེ་དངོས་གནས་དགོད་བྲོ་པོ་ཞིག་འདུག དེང་སང་ཁ་གྲགས་ཚད་ལོག་རིག་པ་རེད་འདུག་ ཧ་ཧ་།

  2. ལྷ་ཆབ་སྦྱིན་པ།

    རེབས་འདིའི་གསར་འགོད་པ་ལགས། གསར་འགྱུར་འདིའི་ནང་དུ་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་ཟེར་བ་ལས་ལྔ་རུང་ཟེར་བ་མ་རེད། དེ་མགྱོགས་པོར་བཅོས་ན་ལེགས།

  3. དཀར་ཕྱོགས་གཉེར་ཉེ།

    སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།