དཀའ་ངལ་གྱིས་སྐོར་བ་བརྒྱབས་ནས་བསྡད་ཡོད།

ཉེ་ཆར་ཤེས་རིག་ཚོགས་ཆེན་ལྔ་བ་དེ་ངྷ་ཤོད་བོད་ཁྱིམ་སློབ་གྲྭར་ཚོགས་ཏེ་གྲོས་ཆོད་ཁག་ ༤༢ ཙམ་བཞག་ཡོད་སྟབས། ཕྱི་ཚེས་ ཉིན་འདི་གའི་གསར་འགོད་པ་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཆོས་དབྱངས་དོན་གྲུབ་མཆོག་གི་དྲུང་དུ་བཅར་ཏེ། ཤེས་རིག་ཚོགས་ཆེན་ལྔ་བའི་སྟེང་གི་གྲོས་ཆོད་ཁག་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་འགལ་རྐྱེན་སྐོར་ལ་བཅར་འདྲི་ཞུས་ཡོད།

 

དྲི་བ། ཐོག་མར་སྐུ་ཉིད་ཀྱིས་སོ་སོ་ངོ་སྤྲོད་དང་སྦྲགས་ཉེ་ཆར་འདི་གའི་སློབ་གྲྭ་རུ་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བ་ཚོགས་པའི་སྐོར་སྤྱི་ཡོངས་ནས་ངོ་སྤྲོད་ཅིག་གནོང་དང་། 

ལན། ངའི་མིང་ལ་ཆོས་དབྱངས་དོན་གྲུབ་ཟེར། ༡༩༥༩ ལོར་བོད་ནས་སྐྱེས་ཤིང་བལ་ཡུལ་ནས་འཚར་ལོངས་བྱུང་བ་ཡིན། ང་ཆུང་དུས་ནས་ཕ་མ་གཉིས་ཀ་མེད་པ་ཆགས་སོང་། དེའི་རྗེས་བོད་ཕྲུག་ཁྱིམ་སྡེ་ཡི་གཅེས་སྐྱོང་འོག་འཛིན་གྲྭ་དགུ་བ་ཐོན་རྗེས་ཝ་ར་ན་སི་ནས་ཤཱ་སྟི་དང་ཨ་ཅཱ་རྱ་སོགས་བཏོན་པ་ཡིན། ཕྱི་ལོ་ ༡༩༨༤ ཟླ་ པའི་ནང་ངྷ་ཤོད་བོད་ཁྱིམ་སློབ་གྲྭ་ཐོག་མར་མགོ་བཙུགས་སྐབས་བོད་ཡིག་དགེ་རྒན་བྱས་པ་ཡིན། ལོ་ ༡༣ ཙམ་ལ་དགེ་རྒན་བྱས་རྗེས་གྷོལ་པ་པུར་གྱི་དགེ་ཆེའི་འགན་ཁུར་བ་ཡིན། ༢༠༠༥ ལོ་ནས་བསྐྱར་དུ་སློབ་གྲྭ་འདིའི་སློབ་སྤྱིའི་འགན་འཁུར་བཞིན་ཡོད། ཉེ་ཆར་ཤེས་རིག་ཚོགས་ཆེན་ཐེངས་ལྔ་བ་ངྷ་ཤོད་བོད་ཁྱིམ་ནས་ཚོགས་རྒྱུའི་ཐག་གཅོད་བྱུང་བ་ལྟར། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་ཀྱང་མཐུན་འགྱུར་འཐུས་ཚང་ཞུ་དགོས་པའི་བཀའ་ཕེབས་སོང་། ཚོགས་བཅར་བ་ ༢༤༦ ཡས་མས་འདུག དེ་དག་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་དང་། སམ་བྷོ་ཊ། ངྷ་སྟེང་བོད་ཁྱིམ། མཱ་སུ་རུ་བོད་ཁྱིམ། གཞན་རྒྱ་བལ་འབྲུག་གསུམ་ནང་གི་སྒེར་སློབ་ཁག་གི་སྐུ་ཚབ་བཅས་རེད། ཚོགས་འདུ་དབུ་འབྱེད་དུ་༧གོང་ས་མཆོག་ཆིབས་སྒྱུར་གྱིས་བཀའ་སློབ་གནང་བ་དང་། གཉིས་པ་ཚོགས་འདུའི་གྲོས་གཞི་ཁག་གསལ་བོ་ཡོང་ཆེད་བཀའ་ཤག་གི་ལམ་སྟོན་གནང་བ་རེད། དེ་ནས་ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་ ༡༠ ལ་བགོས་ཏེ། གྲོས་གཞི་ཁག་གི་ཐད་བགྲོ་གླེང་གནང་མཐར་ཚོགས་ཆུང་ཚང་མ་ལྷན་དུ་འཛོམས་ཏེ། བསམ་འཆར་ལ་མང་མོས་དང་སྤྱི་མོས་ཀྱིས་ཐག་གཅོད་བྱས་པ་རེད།

 

དྲི་བ། ཤེས་རིག་གི་ཚོགས་ཆེན་འདི་ལྟ་བུ་ཞིག་ཚོགས་དགོས་པའི་དམིགས་ཡུལ་གང་ཡིན་པ་དང་། ཚོགས་ཆེན་འདི་བརྒྱུད་དེ་བཙན་བྱོལ་བོད་མིའི་ཤེས་ཡོན་ལ་འཕེལ་འགྱུར་གང་འདྲ་འབྱུང་སྲིད་དམ།

ལན། སྔོན་མ་ཤེས་རིག་ཚོགས་ཆེན་བཞི་བའི་སྐབས་སུ་གྲོས་ཆོད་ཅིག་བཞག་འདུག དེའི་ནང་ལོ་ རེའི་མཚམས་སུ་ཚོགས་ཆེན་རེ་དང་། ལོ་གཉིས་རེའི་མཚམས་སུ་འཛིན་སྐྱོང་ཚོགས་འདུ་རྒྱས་པ་རེ་ཚོགས་གཏན་འཁེལ་འདུག སྤྱིར་ཤེས་རིག་གི་ཚོགས་ཆེན་ཐེངས་ལྔ་བ་དེ་ ༢༠༠༨ ལ་འཁེལ་ཡོད་ཀྱང་། ད་ལོ་བོད་པ་བཙན་བྱོལ་དུ་འབྱོར་ཏེ་ལོ་ ༥༠ འཁོར་བའི་དུས་དྲན་ལ་འཁེལ་ཡོད་སྟབས་ལོ་གཅིག་ལ་ཕྱིར་འགྱངས་བྱས་པ་རེད། ཚོགས་ཆེན་འདིར་གྲུབ་འབྲས་ཐོན་དང་མི་འཐོན་ཟེར་བ་དེ་གཙོ་བོ་སློབ་གྲྭ་སོ་སོས་འཛིན་སྐྱོང་བྱེད་སྟངས་དང་། དགེ་ལས་དག་གི་སེམས་ཁུར་དང་ལྷག་བསམ་ལ་ཐུག་ཡོད་པ་རེད། ཐེངས་འདིའི་ཚོགས་འདུར་ཕེབས་མཁན་ཚང་མ་ཕྱིར་རང་རང་གི་སློབ་གྲྭར་ལོག་སྟེ། ཚོགས་ཐོག་ནས་དགོངས་འཆར་གང་བཏོན་པ་དང་། གྲོས་ཆོད་གང་བཞག་པ་ཐམས་ཅད་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་བསྟར་བ་ཡིན་ན། གྲུབ་འབྲས་ཏན་ཏན་འཐོན་རྒྱུ་རེད། ཚོགས་འདུར་བཅར་མཁན་མང་ཆེ་བར་ལོ་མང་གི་ཉམས་མྱོང་དང་ཤེས་ཡོན་ཚད་ལྡན་ཡོད་མཁན་རྐྱང་རྐྱང་རེད། འོན་ཀྱང་ཁ་ཕྱིར་འཁོར་མ་ཐག་སེམས་འཁུར་བརླག་སོང་བ་ཡིན་ན། གྲོས་ཆོད་ཡིག་ཐོག་ནས་ལྷག་འགྲོ་བ་རེད་ལ། ཚོགས་ཆེན་ཡང་མིང་སྟོང་བ་ཙམ་ཆགས་འགྲོ་བ་རེད།

 

དྲི་བ། ཤེས་རིག་ཚོགས་ཆེན་ཐེངས་ལྔ་བའི་སྟེང་གི་གྲོས་ཆོད་ཁག་གི་ཐད་དགོངས་ཚུལ་ག་འདྲ་ཡོད་པ་དང་། དེ་དག་དོན་འཁྱོལ་ཡོང་མིན་ལ་ཚོད་དཔག་གང་འདྲ་བྱེད་ཀྱིན་ཡོད་དམ། 

ལན། སྤྱིར་ཤེས་རིག་ཚོགས་ཆེན་འདི་འདྲ་ཚོགས་ཐེངས་རེ་ལ་ལས་དོན་བྱེད་ཕྱོགས་དང་ཐབས་ལམ་ལ་འགྱུར་བ་གཏོང་རྒྱུའི་གོ་སྐབས་ཤར་གྱིན་ཡོད། ཚོགས་བཅར་བ་མི་རེ་ངོ་རེ་ནས་ཀྱང་བསམ་བློ་གསར་པ་དང་ཐབས་ལམ་གསར་པ། ཉམས་མྱོང་སྤེལ་རེས་བཅས་ཀྱི་གོ་སྐབས་ཡག་ཤོས་ཤིག་ཆགས་ཡོད། དེར་མ་ཟད་༧གོང་ས་མཆོག་ཆེད་ཕེབས་ཀྱིས་ཤེས་རིག་ཐོག་གསུང་བཤད་གནང་ན། ཚོགས་བཅར་བ་ཡོངས་ལ་སེམས་ཤུགས་དང་དོ་སྣང་། སོ་སོར་འགན་ཞིག་ཡོད་སྙམ་པའི་ཚོར་བ་སྐྱེ་གི་རེད། དམ་བཅའ་དེའི་ཐོག་ནས་ཕྱིར་སོ་སོའི་ལས་གནས་སུ་ལོག་ན། ལས་དོན་བྱེད་ཕྱོགས་ལ་བཟང་ཕོགས་ཀྱི་ཤུགས་རྐྱེན་ཏན་ཏན་ཐེབས་ཀྱི་རེད། འོན་ཀྱང་། གྲོས་ཆོད་ཁག་གི་ཐད་ནས་བཤད་ན། སློབ་གྲྭ་སྤྱི་ལ་ཁྱབ་ཐུབ་པ་ཞིག་བྱུང་མ་སོང་སྙམ་ཡོད། སློབ་གྲྭ་སོ་སོའི་གནས་སྟངས་མི་འདྲ་བ་རེད། གྲོས་ཆོད་ཐོག་གོམ་པ་བརྒྱབས་ཀྱང་ནུས་པ་འཐོན་ཁག་པོ་རེད། ཐེངས་འདིའི་ཤེས་རིག་ཚོགས་ཆེན་སྟེང་གྲུབ་འབྲས་རྡོག་རྡོག་འདི་ཐོན་སོང་སྙམ་པ་ཞིག་བྱུང་མ་སོང་། ལྷག་པར་དུ་གྲོས་ཆོད་ཀྱི་ཐོག་མར་དོན་ཚན་གཉིས་ཡོད་པ་དེའི་ཐད། སྔོན་ཆད་ཀྱང་ཚོགས་འདུ་མང་པོ་ཚོགས་ཚར་བ་རེད། སྐབས་དེ་དག་གི་གྲོས་ཆོད་ནང་དུའང་བཀོད་ཡོད། འོན་ཀྱང་། འགྱུར་བ་འགྲོ་ཐུབ་ཀྱིན་མེད། འགྱུར་བ་འགྲོ་མི་ཐུབ་པའི་རྒྱུ་མཚན། རྩ་བ་དགེ་རྒན་ལ་ཐུག་ཡོད་པ་རེད། དགེ་རྒན་དག་གི་ཡོང་ཁུངས་ཡང་འདྲ་བོ་རེད། རེ་བ་རྒྱག་ས་ཞེ་དྲག་ཡོད་པ་མ་རེད། སློབ་གྲྭ་ཆེ་ཁག་ནས་ཐོན་པའི་ཤེས་ཡོན་རྩེ་ཕུད་དག་དགེ་རྒན་དུ་བསྐོ་རྒྱུའི་ཁོར་ཡུག་ང་ཚོས་བསྐྲུན་ཐུབ་ཀྱིན་ཡོད་པ་མ་རེད། དེར་བརྟེན། གྲོས་ཆོད་ག་རེ་བཞག་ཀྱང་དཀའ་ངལ་གྱིས་སྐོར་བ་བརྒྱབས་ནས་བསྡད་ཡོད།  

 

དྲི་བ། ཤེས་རིག་ཚོགས་ཆེན་ཐེངས་ལྔ་བའི་ཐོག་ཤེས་ཡོན་སྲིད་བྱུས་གསར་བའི་ཐད་གླེང་སློང་གང་འདྲ་བྱུང་ཡོད་པ་དང་། ཚོགས་བཅར་བ་ཚོར་ལྟ་ཚུལ་དང་བསམ་འཆར་གང་འདྲ་འདུག་གམ།

ལན། ཤེས་ཡོན་སྲིད་བྱུས་གསར་པར་དཔེ་སྟོན་སློབ་གྲྭ་ཞིག་ཟུར་དུ་བཙུགས་ཡོད་ལ། འདི་ལ་གྲུབ་འབྲས་ཡག་པོ་ཐོན་ཡོད་ཅེས་ཤེས་རིག་ལས་ཁུངས་ཀྱིས་འགྲེལ་བཤད་མང་པོ་སྐྱོན་སོང་། འོན་ཀྱང་། ཐེངས་འདིའི་ཚོགས་ཐོག་ཏུ་ཁ་ཤས་ཀྱིས་སྲིད་བྱུས་གསར་བ་དེ་ངེས་པར་དུ་ལག་ལེན་བསྟར་དགོས་ཀྱིན་འདུག ལག་ལེན་བསྟར་ཕྱོགས་ཀྱང་ཤེས་ཡོན་སྲིད་བྱུས་གསར་བའི་ལམ་སྟོན་ནང་གང་ཡོད་པ་ནང་ལྟར་འགྲོ་དགོས་ཀྱིན་འདུག་གསུངས་སོང་། འོན་ཀྱང་། མང་ཆེ་བས་དཀའ་ངལ་སྐོར་དང་། མ་འོངས་པར་བསྐྱར་དུ་བགྲོ་གླེང་ཤུགས་ཆེན་གནང་དགོས་པའི་བསམ་ཚུལ་བཏོན་སོང་། སྤྱི་ཡོངས་ནས་བལྟས་ན། ཁོང་ཚོ་ཚང་མའི་བསམ་བློའི་ནང་ཤེས་ཡོན་སྲིད་བྱུས་གསར་པའི་སྒྲོམ་གཞི་དེ་ཡག་པོ་ཡིན་པ་ཞིག་དང་། དེ་ང་ཚོར་དགོས་ངེས་ཤིག་རེད་སྙམ་པའི་མཐོང་ཚུལ་ཡོད་པ་འདྲ། འོན་ཀྱང་དངོས་སུ་ལག་ལེན་བསྟར་དུ་འགྲོ་དུས་འགལ་རྐྱེན་མང་པོ་ཞིག་འཕྲད་ཀྱིན་ཡོད། གང་ཡིན་ཟེར་ན་ཕུགས་རྒྱང་རིང་པོར་བསམ་བློ་གཏོང་མ་ཐུབ་པ་དང་། གྲུབ་འབྲས་ཁ་ཡོད་ལག་ཡོད་མིག་གིས་མཐོང་དཀའ་བ། སློབ་ཕྲུག་དག་གི་མཐའ་མའི་རྒྱ་གར་རྒྱལ་ཡོངས་ཡིག་རྩལ་ལ་གཡོལ་ཐབས་མེད་པ་བཅས་ལ་བརྟེན། ལག་ལེན་བསྟར་རྒྱུར་ཐེ་ཚོམ་སྐྱེ་བཞིན་ཡོད། དེ་བཞིན་ཁོར་ཡུག་དང་མཐུན་རྐྱེན་འཛོམས་ཀྱི་ཡོད་པ་མ་རེད། ལྷག་པར་དུ་དགེ་རྒན་གྱི་ཆ་རྐྱེན་འདང་གིན་ཡོད་པ་མ་རེད། 

 

དྲི་བ། སྐུ་ཉིད་ཀྱི་མཐོང་ཚུལ་ལྟར་བྱས་ན། སྤྱིར་བཙན་བྱོལ་བོད་མིའི་ཤེས་ཡོན་ཐོག་གི་དཀའ་ངལ་དང་འགོག་རྐྱེན་ཆེ་ཤོས་གང་དག་ལ་ངོས་འཛིན་གནང་གིན་ཡོད་དམ།

ལན། དཀའ་ངལ་ཆེ་ཤོས་གཅིག་དེ་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པའི་འོག་ཡོད་པ་དེ་ཚོ་རེད། ཁོང་ཚོའི་འབྲེལ་ཡོད་ཚོར་མང་པོ་བཤད་ན་ཐུགས་ལ་འབབ་ཀྱིན་མི་འདུག བཙན་བྱོལ་བོད་མིའི་སློབ་ཕྲུག་ཡོངས་ཀྱི་ཕྱེད་ཙམ་བོད་སློབ་འཛིན་ཚོགས་འོག་ཡོད། དེ་དག་ཤེས་རིག་ལས་ཁུངས་ཀྱི་བཀའ་རྒྱའི་འོག་འགྲོ་ཐུབ་ཀྱིན་མེད། འཛིན་སྐྱོང་སྤེལ་གསུམ་ཆ་ཚང་རྒྱ་གར་དབུས་གཞུང་གི་ལག་ཏུ་ཡོད། ཆོས་དགེ་རེ་ཟུང་མ་གཏོགས་བོད་པའི་དགེ་རྒན་ཡང་བསྐོ་བཞག་བྱེད་ཀྱིན་ཡོད་པ་མ་རེད། དེ་དཀའ་ངལ་ཆེ་ཤོས་ཤིག་རེད། བར་སྐབས་ཤིག་ལ་སྤྱི་ཚོགས་ནང་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་འོག་གི་སློབ་གྲྭ་ཁག་བོད་གཞུང་ཤེས་རིག་གིས་རྩིས་ལེན་བྱ་རྒྱུ་རེད་ཟེར་བའི་དཀྲོགས་གཏམ་ཞིག་བྱུང་བ་རེད། དེར་ཕར་ཕྱོགས་ནས་མ་འདོད་པའི་རྣམ་འགྱུར་ཐོན་ཡོད། དེར་ཁག་ཀྱང་ཡོད་པ་མ་རེད། ཁོང་ཚོའི་གླ་ཕོགས་ལ་ཐུག་ཡོང་གིན་ཡོད་པ་རེད། རྒྱ་གར་བ་ཚོས་སློབ་སྦྱོང་ཡག་པོ་མ་སྤྲད་པ་དང་ཡིག་རྩལ་དྲང་མོ་མ་བྱས་པ། ཡིག་རྩལ་ལ་ཆ་རྐྱེན་མང་པོ་བཏོན་པ་སོགས་ཀྱི་བློ་འཚབ་སྐྱེ་དགོས་པའི་དཀའ་ངལ་འདྲ་མིན་འཕྲད་ཀྱིན་ཡོད་ས་རེད། མཐར་ཐུག་གི་གྱོང་རག་ས་དེ་བོད་པའི་སློབ་ཕྲུག་ཚོ་ཆགས་ཡོད། བོད་པའི་སློབ་ཕྲུག་དེ་དག་སུ་རེད་ཟེར་ན། མི་དྲག་དག་གི་བུ་ཕྲུག་ཡོད་པ་མ་རེད་ལ། ཆ་རྐྱེན་བཟང་བའི་བུ་ཕྲུག་ཀྱང་ཡོད་པ་མ་རེད། དེ་དག་ཕལ་ཆེ་བ་མི་ཚང་སྐྱོ་བོ་དང་བོད་མི་ཉམ་ཐག བདག་པོ་མེད་པའི་བུ་ཕྲུག་རྐྱང་རྐྱང་ཆགས་ཡོད།

 

དྲི་བ། ཚོགས་ཆེན་ལྔ་བའི་སྟེང་གི་བཀའ་ཁྲིའི་གསུང་བཤད་ནང་སློབ་གྲྭ་ཁག་ནས་ཤེས་ཡོན་སྲིད་བྱུས་གསར་བར་མཐུན་འགྱུར་འདང་ངེས་གནང་གིན་མེད་རབས་འདུག གཞུང་གི་བཀའ་བཞིན་སློབ་གྲྭ་ཁག་ནས་ཤེས་ཡོན་སྲིད་བྱུས་གསར་བའི་ཐོག་ཤར་སྐྱོད་བྱས་མ་ཐུབ་དོན་ཅི་ཡིན་ནམ།  

ལན། དེ་གཙོ་བོ་སློབ་གྲྭ་ཁག་ནས་ལག་ལེན་བསྟར་ཕྱོགས་ལ་ཐུག་ཡོད་པ་རེད། ཤེས་ཡོན་སྲིད་བྱུས་གསར་པ་ལག་ལེན་བསྟར་བར་སྔོན་འགྲོའི་གྲ་སྒྲིག་ཡག་པོ་དགོས། གྲ་སྒྲིག་གང་ཡང་མེད་པར་ལག་ལེན་བསྟར་ན་གྲུབ་འབྲས་སོན་གྱི་མ་རེད། ལྷག་པར་དུ་མིའི་གྲ་སྒྲིག་དགོས་པ་རེད། དཔེར་ན། བོད་ཡིག་དགེ་རྒན་ཞིག་གིས་བོད་ཡིག་ཐོག་ཡོད་པའི་ཚན་རིག་ཁྲིད་དགོས་ན་ཁག་པོ་ཆགས་ཀྱིན་ཡོད་ལ། ཚན་རིག་དགེ་རྒན་ཞིག་གིས་ཚན་རིག་བོད་ཡིག་གི་ཐོག་ཁྲིད་དགོས་ན་དེ་ཡང་ཁག་པོ་ཆགས་ཡོད། འཛིན་གྲྭ་དང་པོ་ནས་ལྔ་བའི་བར་གྱི་སློབ་ཚན་ཚང་མ་བོད་ཡིག་ནང་བསྒྱུར་ཡོད་ཀྱང་། འཛིན་གྲྭ་མཐོ་བ་དག་གི་སློབ་དེབ་གཞི་ནས་བསྒྱུར་དགོས་པ་རེད། དེ་ལ་འབབ་པའི་དགེ་རྒན་ཡང་ཐབས་ཤེས་བྱ་དགོས་པ་རེད། དེ་བཞིན། འཛིན་གྲྭ་མཐོ་དམན་གང་ཞིག་ཡིན་རུང་དགེ་རྒན་གྱི་ཆུ་ཚད་ལ་ཚད་འཛིན་ཡོད་པ་མ་རེད། ཅི་ཙམ་མཐོ་ན་དེ་ཙམ་བཟང་གི་རེད། འོན་ཀྱང་ང་ཚོར་ཆ་རྐྱེན་དེ་དག་ཚང་གིན་ཡོད་པ་མ་རེད་ལ། ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་ནས་མཐོ་སློབ་ཐོན་རག་བར་འགྲོ་ས་མེད་སྟབས། སློབ་ཕྲུག་སོ་སོའི་མདུན་ལམ་ལའང་བསམ་བློ་གཏོང་དགོས་པ་ཆགས་ཡོད།

 

དྲི་བ། སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་གསར་པ་དེ་༧གོང་ས་མཆོག་གི་དགོངས་གཞི་ཡིན་མིན་གྱི་གླེང་སློང་ཞིག་ཡོད་སྟབས། ༧གོང་ས་མཆོག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ཐད་བཀའ་མོལ་འདྲ་གནང་མྱོང་ཡོད་དམ།

ལན། ཐེངས་འདིར་༧གོང་ས་མཆོག་གིས་ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་དམིགས་བསལ་བཀའ་སློབ་གནང་མ་སོང་། གནའ་དེང་གི་ཤེས་ཡོན་ཟུང་འབྲེལ་ཐོག་སྦྱང་དགོས་པ་དང་། ལྷག་པར་དུ་སློབ་གྲྭ་ཁག་ནང་བོད་ཀྱི་ཚད་མ་རིག་པའི་རིགས་ལམ་གྱི་འགྲོ་སྟངས་ཁྲིད་སྤེལ་བྱ་གལ་ཆེ་སྐོར་ནན་གསུངས་མཛད་སོང་། ༧གོང་ས་མཆོག་གིས་སྔོན་ཆད་། སྔར་ཛ་དྲག་གི་སྐབས་སུ་ང་ཚོར་འཆར་གཞི་སྒྲིག་ལོངས་ཡོད་པ་མ་རེད་ལ། མི་རིགས་གཞན་གྱི་སྐད་ཡིག་གི་དགོས་མཁོ་ཡང་ཆེ་སྟབས་རྒྱ་གར་གྱི་འགྲོ་སྟངས་ཐོག་ཕྱིན་པ་རེད། ད་ནས་ང་ཚོས་སློབ་ཚན་ཚང་མ་བོད་ཡིག་ནང་འཁྲིད་ཐུབ་རྒྱུར་ཤུགས་རྒྱག་དགོས། རྒྱལ་ཁབ་རེ་ཟུང་ནང་། ཉིན་རེའི་སློབ་ཚན་འཆར་གཞི་དེ་སོ་སོའི་སྐད་ཡིག་ནང་ཁྲིད་ཅིང་། རིམ་གྱིས་སློབ་ཚན་འཆར་གཞིའི་ཟིན་བྲིས་དེ་དག་ཕྱོགས་སྒྲིག་གིས་སློབ་དེབ་བཟོས་ཤིང་། མཐར་སློབ་ཚན་ཆ་ཚང་སོ་སོའི་སྐད་ཡིག་ནང་ཁྲིད་ཐུབ་པ་བྱུང་ཡོད། ཅེས་རྒྱལ་ཁབ་ཁ་ཤས་དཔེ་སྟོན་གྱི་ཚུལ་དུ་གསུངས་པ་དྲན་གྱིན་འདུག 

 

དྲི་བ། སྐུ་ཉིད་སྒེར་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པའི་ཞན་ཆ་གང་དག་གཟིགས་ཀྱིན་ཡོད་པ་དང་། སློབ་གྲྭ་གཞན་དག་དང་མི་འདྲ་བའི་ལེགས་ཆ་གང་དག་མཐོང་གིན་ཡོད་དམ།

ལན། མཐའ་མ་མཐོ་རིམ་སློབ་གྲྭར་འགྲོ་བའི་སྐབས་སུ་དབྱིན་ཇིའི་སྐད་ཡིག་ཐོག་འགྲོ་དགོས་པ་རེད། སྐབས་དེར་མི་རིགས་གཞན་པའི་སློབ་ཕྲུག་དང་གནས་ཚུལ་མཉམ་པའི་ཐོག་ནས་འགྲན་བསྡུར་བྱ་དགོས་པ་རེད། དཔེ་སྟོན་སློབ་གྲྭའི་ནང་འཛིན་གྲྭ་བཞི་པ་ནས་དབྱིན་ཡིག་བསླབ་ན་ཡག་པོ་ཡོང་རབས་བཤད་ཀྱང་། སམ་བྷོ་ཊའི་སློབ་ཕྲུག་ཁག་ཅིག་གིས་དགོངས་པ་ཞུས་ཏེ་ང་ཚོའི་ངྷ་ཤོད་སློབ་གྲྭར་སླེབས་སོང་། དེ་དག་གིས་ང་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་འདུག ད་བར་དབྱིན་ཡིག་མ་ཁྲིད་པར་འཛིན་གྲྭ་བཞི་བའི་སྟེང་གཞི་ནས་དབྱིན་ཡིག་སྦྱོང་སྐབས། སློབ་ཕྲུག་གཞན་དག་དང་མཉམ་དུ་འགྲོ་མ་ཐུབ་པར་ཁོང་ཚོར་ཟུར་དུ་སློབ་ཁྲིད་གོ་སྒྲིག་བྱེད་དགོས་པ་ཆགས་སོང་། ཆ་རྐྱེན་ཡོད་མཁན་ཚོར་དཔེ་སྟོན་སློབ་གྲྭ་ཡག་པོ་ཡོད་ས་རེད། སློབ་ཕྲུག་དག་ལ་སྤོབས་པ་དང་ང་རྒྱལ་ཆེན་པོ་འདུག དེ་ཤེས་ཡོན་སྦྱོང་མཁན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། དགེ་མཚན་གཉིས་པ། སློབ་ཕྲུག་དག་ལ་འཛིན་སྐྱོང་བྱེད་སྟངས་ཡག་པོ་འདུག དཔེར་ན། འཛིན་གྲྭ་རེ་ལ་སློབ་ཕྲུག་བཅོ་ལྔ་ཙམ་ལས་མེད་སྟབས། ལྟ་སྐྱོང་བྱེད་རྒྱུར་སྟབས་བདེ་བ་དང་ཆ་སྙོམ་པོ་ཡོང་གི་རེད། གསུམ་པ། གཞུང་གི་གཟིགས་རྟོག་ཡག་པོ་འདུག བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན་ཡང་ཡང་ཕེབས་ཏེ་ལམ་སྟོན་གནང་གིན་འདུག དགེ་མཚན་ཆེ་ཤོས་ཤིག་ལ། སློབ་གྲྭ་འདི་ཉིན་སློབ་ཡིན་སྟབས། སློབ་ཕྲུག་རྣམས་སོ་སོའི་ཕ་མ་དང་མཉམ་དུ་དུས་ཚོད་མང་ཙམ་སྐྱེལ་གྱིན་ཡོད་པ་རེད། དེར་བརྟེན། མ་སྐད་ལ་བྱང་གོམས་ཡག་པོ་ཡོང་གིན་འདུག གཏན་སློབ་ཁག་གི་བྱིས་པར་མཚོན་ན། ནང་མི་དང་མཉམ་འདུག་གི་གོ་སྐབས་མེད་ལ། དགེ་རྒན་ཚོ་དང་སྐད་ཆ་བཤད་རེས་ཀྱི་དུས་ཚོད་ཀྱང་ཉུང་ཉུང་ཡིན་སྟབས། སློབ་ཕྲུག་ཕན་ཚུན་བར་བརྡ་སྤྲོད་ཐབས་ཀྱི་སྐད་ཆ་འདྲ་མིན་བཤད་དེ་དུས་ཚོད་སྐྱེལ་གྱིན་ཡོད་སྟབས། རིམ་གྱིས་སྐད་ཡིག་གསུམ་པ་ཞིག་ཐོན་ཡོང་གིན་འདུག

 

དྲི་བ། ཐེངས་འདིའི་གྲོས་ཆོད་ནང་བོད་མི་གནས་ཡུལ་ཁག་ཏུ་དཔེ་མཛོད་རྒྱག་རྒྱུ་སོགས་ཀྱི་འཆར་གཞི་ཡག་པོ་འགའ་རེ་ཡོད་ནའང་། སློབ་གྲྭ་ཁག་ཏུ་ལག་ཁྱེར་གློག་ཀླད་དང་ལག་ཐོགས་ཁ་པར། གློག་རྡུལ་རྩེད་ཆས་རིགས་བཀག་འགོག་བྱ་རྒྱུའི་གུ་དོགས་ཀྱི་གྲོས་ཆོད་འགའ་རེ་ཡང་འདུག་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། བོད་མིའི་གཞིས་སྒར་ཁག་ཏུ་དཔེ་མཛོད་རྒྱག་རྒྱུ་དེ་དབུས་ཤེས་རིག་ལས་ཁུངས་ཀྱི་བཀའ་རྒྱའི་འོག ས་གནས་སོ་སོའི་གཞིས་མགོའི་འགན་འཁུར་བླངས་ཏེ་དཔེ་མཛོད་རྒྱག་རྒྱུ་དེ་རེད། ལས་འཆར་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་ལས་ཀ་མེད་མཁན་དེ་ཚོར་དཔེ་དེབ་ཀློག་པའི་གོམས་གཤིས་འཇགས་རྒྱུ་གལ་ཆེན་པོ་རེད་ལ། ལྷག་པར་དུ་དབྱར་གནང་དགུན་གནང་གི་གུང་གསེང་སྐབས་སུ་སློབ་ཕྲུག་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུ་ཕན་ཐོགས་ཆེན་པོ་ཡོང་གི་རེད། འོན་ཀྱང་། ལག་འཁྱེར་གློག་ཀླད་དང་ལག་ཐོགས་ཁ་པར། གློག་རྡུལ་རྩེད་ཆས་རིགས་བཀག་འགོག་བྱས་པའི་ཐད། ང་རང་གི་བསམ་པ་ཡིན་ན། ལག་འཁྱེར་གློག་ཀླད་ལྟ་བུར་མཚོན་ན་བེད་སྤྱོད་གཏོང་ཤེས་ན་སློབ་སྦྱོང་དང་མཐོང་རྒྱ་སོགས་གང་ཅིའི་ཐད་ཡག་པོ་ཡོད་མོད། ཟང་ཟིང་གི་དངོས་པོ་དང་མཉམ་དུ་བསམ་བློའི་གནས་ཚད་ཀྱིས་མ་འདང་ན། གློག་ཀླད་ནང་དེང་རབས་ཀྱི་བྱ་དངོས་སྡུག་ཤོས་ཆ་ཚང་ཡོད། སློབ་སྦྱོང་གི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བས་མི་ཚད་མི་ཁོ་རང་འཕྲོ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཞིག་ཆགས་ཡོད།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

10 thoughts on “དཀའ་ངལ་གྱིས་སྐོར་བ་བརྒྱབས་ནས་བསྡད་ཡོད།

  1. ཀརྨ་རྡོ་རྗེ།

    བོད་སྐད་རང་ལ་སེམས་ཤུགས་ཡོད་མཁན།

    དཀའ་ངལ་སྐོར་ར་བརྒྱབས་སོགས་བོད་སྐད་ཅུང་ཟད་ཉམས་ཀྱང་། །
    བོད་སྐད་སྦྱོངས་དང་སློབ་རྒྱུར་སེམས་ཤུགས་ནམ་ཡང་མ་ཆག །
    བོད་མི་ས་ཡ་དྲུག་ལ་ཆོལ་ཁ་གསུམ་ལྷག་མེད་ཀྱང་། །
    བོད་སྐད་གཅེས་འཛིན་བྱེད་མཁན་ཆོལ་ཁ་དྲུག་ལྷག་ཡོད་རེད། །
    བོད་བཞུགས་བོད་མི་གཅིག་ཐོག་བཙན་བྱོལ་བོད་མི་གཉིས་རྩིས། །
    གསུམ་པ་ཧིམ་ལའི་ནང་པ་བཞི་པ་སོག་ཡུལ་རྒྱལ་ཁབ། །
    ལྔ་བ་རུ་སུའི་ཧོར་རིགས་དྲུག་པ་ནང་སོག་སོག་རིགས། །
    ལྷག་མ་མགོ་སེར་མགོ་ནག་གྲངས་ལས་འདས་པ་འདུག་ག །

    ཐུ་མིའི་བསྟན་པ་རྟག་ཏུ་རྒྱས་འགྱུར་ཅིག །