སློབ་གསོ་འདྲ་མཉམ་མ་རེད།

རྒྱ་དགོན་ཚོར་སོ་སོའི་ཆོས་དང་རིག་གཞུང་ཐོག་སློབ་སྦྱོང་བྱ་རྒྱུར་བཀག་འགོག་གང་ཡང་བྱེད་ཀྱིན་མེད་ནའང་། བོད་ཀྱི་དགོན་སྡེ་ཁག་ཏུ་རང་གི་ཆོས་དང་རིག་གཞུང་ལ་སློབ་གཉེར་བྱེད་མི་འཇུག་པ་འདིས་ཆབ་སྲིད་ཙམ་མིན་པར། སློབ་གསོ་ཡང་མ་འདྲ་མཉམ་མིན་པ་བསྟན་ཡོད་ཟེར།

ཕྱི་ཚེས་ ༡༤ ཉིན་ངྷ་ས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་པས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཉེ་སྔོན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་དུ་ཀིརྟི་དགོན་ཁག་རྣམས་གཙོ་བོར་གྱུར་པའི་མདོ་སྟོད་སྨད་ཀྱི་དགེ་འདུན་པ་རྣམས་མཉམ་ཚོགས་གནང་རྒྱུའི་ཀིརྟི་ཚང་གི་མ་བུ་དགོན་ལྷན་དུ་འཛོམས་པའི་ཚད་མའི་དགུན་ཆོས་ཆེན་མོ་ཐེངས་གསུམ་པ་འཚོགས་རྒྱུར་བཀག་འགོག་བྱས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་གི་སློབ་གཉེར་ལ་བཀག་སྡོམ་བྱས་པ་དང༌། རྒྱལ་རོང་ཚོ་བདུན་དགོན་པའི་མཁན་པོ་དགེ་བཤེས་མཛོད་ཚང་བརྩོན་འགྲུས་ལགས་དང་ཁོང་གི་དགེ་ཕྲུག་བཅོ་ལྔ་བཅས་དེ་སྔོན་ནས་ཚོ་བདུན་དགོན་དུ་ཕེབས་ཡོད་པ་རྣམས་སྡོད་མ་བཅུག་པར་ཕྱིར་རྔ་པ་ཀིརྟི་དགོན་པར་བཏང་བ་དང། སྐབས་དེར་མཛོད་དགེ་རྫོང་གི་ལས་བྱེད་རུ་ཁག་ཅིག་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་ཡོང་ནས་ཚོ་བདུན་དགོན་པར་འཚོགས་འཆར་ཡོད་པའི་ཚད་མའི་དགུན་ཆོས་ལ་འགྲོ་མི་ཆོག་པ་དང༌། གལ་སྲིད་གསང་སྟབས་ཀྱིས་སོང་ན་ཉེས་ཆད་གཅོད་རྒྱུ་ཡིན་ཚུལ་སོགས་བརྗོད་འདུག་པར་མ་ཟད།  རྔ་པ་ཀིརྟི་དགོན་ལ་ཡང་རྔ་པ་རྫོང་གི་ལས་བྱེད་ཁག་ཅིག་ཡོང་ནས་དགེ་འདུན་པ་རྣམས་ཚོ་བདུན་ལ་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

དེ་སྔོན་ཡང་འདི་ལྟར་ཆབ་སྲིད་ལ་ཁ་གཡར་ནས་ ༢༠༠༣ ལོར་རྔ་པ་ཀིརྟི་དགོན་གྱི་ ༼ ནང་བསྟན་གཞོན་ནུའི་རིགས་སློབ་ཁང་། ༽ ཞེས་པའི་དགེ་སློབ་བདུན་བརྒྱ་ལྷག་ཡོད་པའི་སློབ་གྲྭ་ཞིག་སྒོ་གཏན་རྒྱག་བྱས་པ་དང༌། ༢༠༠༨ ལོར་ ༼སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་རིག་གནས་སློབ་གཉེར་ཁང་༽ ཞེས་པའི་དགེ་སློབ་བཞི་བརྒྱ་ལྷག་ཡོད་པའི་སློབ་གྲྭ་ཞིག་གི་སྒོ་གཏན་རྒྱག་བྱས་པ་སོགས་མདོ་དབུས་ཁམས་གསུམ་དུ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་དམས་སུ་གཏོང་གིན་ཡོད་ནའང་། རྒྱ་ནག་ནང་ཁུལ་གྱི་རྒྱ་དགོན་ཁག་ཏུ་སོ་སོའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱ་རྒྱུར་བཀག་འགོག་གང་ཡང་བྱེད་ཀྱི་མེད་པར་མ་ཟད། ཐ་ན་དྲག་རྩལ་གྱི་སློབ་སྦྱོང་ཡང་བྱེད་འཇུག་གི་ཡོད་མོད།  བོད་ལ་རང་གི་སྐད་ཡིག་རིག་གནས་ཀྱང་སློབ་འཇུག་གི་མེད་པས་འདི་ནི་རྐང་བཙུགས་ནས་བོད་ལྟ་བུའི་གྲངས་ཉུང་མི་རིགས་ལ་སློབ་གསོའི་ཐད་ནས་ཀྱང་འདྲ་མཉམ་གྱི་ཐོབ་ཐང་ཞིག་སྤྲོད་ཀྱི་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་སྐོར་སོགས་གསལ་ཡོད་ལ། དེ་བཞིན་ལོ་སྔོན་མར་ ༢༠༠༨ ལོར་ཞི་བའི་སྒེར་ལངས་སྐབས་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དུ་བོད་ས་གླང་ལོའི་ལོ་སར་མི་གཏོང་བའི་སྦྱར་ཡིག་འགྲེམས་སྤེལ་གྱི་དོགས་གཞིའི་འོག ༢༠༠༩ ཟླ་ ༡ ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ ཡས་མས་སུ་འཛིན་བཟུང་བྱས་ཤིང་རང་ལོ་ ༢༧ ཡིན་པའི་་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་ཀིརྟི་ཁོང་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པའི་དུས་ཡུན་རྫོགས་ཏེ། ཟླ་འདིའི་ཚེས་ ༩ ཉིན་གློད་གྲོལ་བྱས་ཡོད་འདུག་ལ། ཉིན་དེར་  ༢༠༠༨ ལོའི་ཟླ་ ༣ ཚེས་ ༡༩ ཡས་མས་སུ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རོང་ཝམ་ཞང་མུ་འགུ་སྡེ་བའི་མཚམས་དར་དང༌། མགོན་པོ་ཚེ་རིང༌། རྫོང་རོང་ཚོགས་གཉིས་སྡེ་བའི་བློ་བཟང་བཅས་ལ་ལོ་ ༡ དང་ཟླ་ ༨ རེའི་བཙོན་འཇུག་ལོ་ཐག་བཅད་པ་རྣམས་ཀྱི་དུས་ཡུན་རྫོགས་ཏེ་གོང་ཚེས་ཉིན་གློད་གྲོལ་བྱས་ཡོད། འོན་ཀྱང་། ཐེངས་འདིར་ཁོང་རྣམས་བཙོན་གྲོལ་གཏོང་སྐབས་རྫོང་ཉེན་རྟོག་པས་གསང་སྟབས་ཀྱིས་ཁོང་ཚོ་མཚན་མོར་སོ་སོའི་ཁྱིམ་དུ་བསྐྱལ་འདུག་ལ། དེ་ལྟར་བྱེད་དོན་དེ་སྔོན་བཙོན་པ་རྣམས་གློད་གྲོལ་སྐབས་རང་རང་གི་ནང་མི་ལེན་དུ་འགྲོ་དགོས་ནའང་ཉེ་སྔོན་སྒོ་མང་དགོན་པའི་གྲྭ་བཀྲ་ཚེ་དང་། ཀིརྟི་དགོན་པའི་གྲྭ་བློ་འཇམ་སོགས་གློད་གྲོལ་སྐབས་མི་མང་གིས་ཁ་བཏགས་འཐེན་པ་སོགས་ཀྱི་དགའ་བསུའི་སྣེ་ལེན་བྱས་པར་བརྟེན། ཐེངས་འདིར་ཁོང་ཚོར་མི་མང་གིས་སྣེ་ལེན་མི་བྱེད་པའི་ཆེད་ཡིན་སྐོར་བཅས་གནས་ཚུལ་མཁོ་སྤྲོད་གནང་ཡོད། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “སློབ་གསོ་འདྲ་མཉམ་མ་རེད།

  1. ཀརྨ་རྡོ་རྗེ།

    རྒྱ་ནག་གཞུང་ལགས་སུ།
    རྒྱ་ནག་ཁྱིམ་ཚང་ཆེན་པོའི་ནང་མི་བོད་རིགས་ཀྱི་གནས་ཚུལ་ནང་གི་ཚིག་ལ་ནི།
    ་་་་བཀག་འགོག ་་་་སློབ་གཉེར་བྱེ་དུ་མི་འཇུག འདྲ་མཉམ་མིན་པ། ་་བཀག་སྡོམ། འགྲོ་མི་ཆོག སྡོད་མ་ཅུག ་་ཉེས་ཆད་གཅོད་རྒྱུ། ་་སྒོ་རྒྱག་བྱས་པ། ་་་ཉམས་དམས་སུ་གཏོང་བ། འཛིན་བཟུང་བྱས། བཙོན་ལ་བཅུག ཁྲིམས་ཐག་བཅད་སོགས་ཀྱིས་གང་དགོས་པ་དེས་ལས་བྱེད་ཚོ་སྡིག་རྩུབ་ཆེ་དྲགས་པ་མཚོན་པ་མ་ཡིན་ནམ། །
    ཕྱི་སྡོད་བོད་མི་ཞིག་གིས།

  2. དྲ་གྲོགས་ཨ་འབྲུག་དཀོན་མཆོག་ལགས་ཀྱིས་གསུངས་པ་ལྟར།
    བོད་ནང་དུ་བཞུགས་པའི་བཙོན་གྲོལ་ཐོབ་ཟིན་པ་དང་ཐོབ་ལ་ཉེ་བའི་རིགས་རྣམས་ཀྱི་སྐོར་དྲིལ་བསྒྲགས་ངེས་པར་བྱེད་དགོས་རིགས་མ་གཏོགས། ཡོད་ཚད་ཕྱིར་བསྒྲགས་བྱས་ན་ཁོང་ཚོར་སྐུ་ངལ་འཕྲད་སྲིད་པ་ཞིག་རེད། དེ་དོན་ཚང་མས་ཡིད་འཇགས་དགོས་ངེས་རེད།

  3. ཨ་འབྲུག་དཀོན་མཆོག

    ངའི་གྲོགས་པོ་བཙོན་གྲོལ་ཐོབ་ལ་ཉེ་བ་གོ་ཐོས་བྱུང་རུང་དངོས་སུ་བཙོན་གྲོལ་ཐོབ་པ་གསར་གནས་སུ་ཡང་བསླེབས་འདུག་པས་དགའ་ཚོར་བྱུང་། འདིའི་སྐོར་གནས་ཚུལ་མང་པོ་ཤེས་ཀྱང་་་་་ཁོང་ཚོར་གནོད་ངེས་པས་ཡོངས་བསྒྲགས་བྱེད་དོན་མི་འདུག དགའ་བ་ལ་་་སྐྱིད་་པ་ལ།