བོད་གཞུང་དམངས་ཡོངས་ཀྱིས་བརྟན་བཞུགས་ཕུལ་བ།

དེང་དུས་ཀྱི་ཤེས་ཡོན་ཐོག་ནས་སློབ་གྲྭར་འགྲིམས་ཏེ་གཞི་རྩའི་ཤེས་ཡོན་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པ་དང་། མཐོ་རིམ་སློབ་གྲྭར་འགྲིམས་ཏེ་ལག་ཁྱེར་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར། སོ་སོ་རིག་གནས་སྡེ་ཚན་གང་ནང་ཡོད་ནའང་རང་སྐྱ་འཕེར་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་༧གོང་ས་མཆོག་གིས་གསུངས་ཡོད།
ཕྱི་ཚེས་ ༢༣ ཉིན་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་གཞུང་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ཡོད་ཅིང་། བརྟན་བཞུགས་མ་ཕུལ་བའི་སྔོན་ཏེ་ཕྱི་ཚེས་ ༢༠ ཉིན་ནས་ ༢༣ ཉིན་བར་ཉིན་གསུམ་རིང་སྔ་འགྱུར་བསྟན་པའི་གསལ་བྱེད་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ ༤༠ ཙམ་གྱིས་སྐུའི་ཚེ་བསྒྲུབ་གནང་སྟེ། ཉིན་དེའི་ཆུ་ཚོད་ ༦ པའི་སྟེང་ཚེ་སྒྲུབ་གསུང་ཆོག་སོགས་གནང་ཡོད། བརྟན་བཞུགས་གྲུབ་མཚམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བོད་གཞུང་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། གཞུང་ཞབས་ལས་བྱེད། ཤེས་རབ་དགའ་ཚལ་སློབ་གླིང་སོགས་ཀྱིས་གཞས་སྣ་གཟིགས་འབུལ་ཡང་ཞུས་ཡོད།
ཉིན་དེར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། རྒྱལ་ཟླའི་ཚེས་བརྒྱད་ལ་བསྟུན་ཏེ་ཚེ་བསོད་དབང་ཀླུང་རྒྱས་པའི་རྟེན་འབྲེལ་གྱི་ཆོ་ག་དང་འབྲེལ་བའི་ཐོག་ནས། མང་ཚོགས་ཀྱི་ཚབ་བྱས་ཏེ་བརྟན་བཞུགས་འབུལ་རྒྱུ་བྱུང་བར་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བོད་གཞུང་དམངས་ཡོངས་ཀྱིས་ཁོང་ལ་བརྟན་བཞུགས་ཕུལ་བར་ཐུགས་རྗེ་ཆེ་གསུངས་སོང་ལ། གཞན་ཡང་ཁོང་གིས། ཚང་མས་ཤེས་གསལ་ལྟར། ང་ཚོའི་ངོ་གདོང་ལ་བལྟ་དུས་ཚང་མ་སྣང་བ་སྐྱིད་མདོག་དང་བག་ཕེབས་པོ་ཡོད་པ་ལྟ་བུར་མཐོང་ནའང་། གཞི་རྩའི་གནས་ཚུལ་ཐོག་བསམ་བློ་བཏང་ན། ང་ཚོ་བོད་མི་རིགས་ལ་ལོ་རྒྱུས་ཡོད་པ་དང་རིག་གཞུང་ཡོད་པ། དེ་དང་འབྲེལ་སངས་རྒྱས་ཀྱི་ཆོས་ཡོད་པ་དེ་གཉན་འཕྲང་གི་སྐབས་བསྡད་ཡོད་པ་རེད། དེར་བརྟེན་ཁྱེད་ཚོ་ཚང་མས་ཉིན་རེའི་སོ་སོའི་ལྟོ་གོས་གཅིག་པུ་ཙམ་མིན་པར། རྩ་བའི་ང་ཚོ་བོད་གངས་ཅན་པ་ཟེར་བ་དེ་གང་འདྲ་ཞིག་གི་ངང་དུ་བསྡད་ཡོད་པ་དུས་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད་ཅེས་དང་།
གལ་ཆེ་ཤོས་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དངོས་གནས་ལྷག་བསམ་གཡོ་བ་མེད་པའི་ངང་བསྡད་ཡོད་པ་གསལ་བོ་ཞེ་དྲག་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་བོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཀྱིན་ཡོད་པ་དང་། ང་ཚོས་རང་མགོ་གང་ཐོན་བྱས་ན་མི་འགྲིག་པར་བོད་མི་རིགས་ཞེས་པའི་རིག་གཞུང་འཁྲུགས་པོ་དང་རླབས་ཆེན་གྱི་མི་རིགས་ཤིག་ཚུགས་བསྡད་པ་དེ། མི་རབས་འདིའི་སྐབས་ལ་ལས་འགན་ཧ་ཅང་ཆེན་པོ་ཆགས་ཡོད། དེར་བརྟེན་ཁྱེད་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པའི་ཐོག་ནས། སྐབས་སུ་བབ་པའི་ང་ཚོའི་ལས་འགན་གལ་ཆེ་ཤོས་ཏེ། ཤེས་བྱ་ཡོན་ཏན་སྦྱང་རྒྱུ་དེ་རེད། ཅེས་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ད་ལྟའི་དུས་འདིར་རང་ཉིད་ཁོ་ནའི་ལྟོ་གོས་ཙམ་མིན་པར་བོད་མི་རིགས་དང་། བོད་ཀྱི་གནས་བབ་ཤེས་པའི་ཐོག་ནས་ཤེས་བྱ་ཡོན་ཏན་སྦྱང་དགོས་པའི་སྐོར་ལ་བཀའ་སློབ་བསྩལ་ཡོད་ལ།
གཞན་ཡང་ཁོང་གིས། ང་ཚོ་བོད་མི་རིགས་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་དང་། ལྷག་པར་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་ཟབ་མོ་ཞིག་ཡོད་པ་དེ་སེར་སྐྱ་ཕོ་མོ་དབྱེ་བ་མེད་པར་ཚང་མས་དོ་སྣང་ཆེན་པོ་བྱ་རྒྱུ་དེ། ངས་རྟག་པར་འབོད་སྐུལ་ཞུས་བསྡད་པ་དེ་རེད་ལ། འབོད་སྐུལ་ཞུས་པ་ལྟར་ཁྱེད་ཚོ་མང་བོ་ཞིག་གིས་གང་ཡོང་ཅི་ཡོང་གིས་འབད་བརྩོན་བྱས་བསྡད་པ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཐོག་ནས་སློབ་གྲྭར་འགྲིམས་ཏེ་གཞི་རྩའི་ཤེས་ཡོན་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པ་དང་། མཐོ་རིམ་སློབ་གྲྭར་འགྲིམས་ཏེ་ལག་ཁྱེར་ཡོད་པ་ཙམ་ལ་ཆོག་ཤེས་མི་བྱེད་པར། སོ་སོ་རིག་གནས་སྡེ་ཚན་གང་ནང་ཡོད་ནའང་རང་སྐྱ་འཕེར་ཐུབ་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
ཁོང་གིས་མུ་མཐུད་དེ་བཙན་བྱོལ་གྱི་བོད་མི་རྣམས་ལ་གཞིས་ཀྱི་བོད་མི་ལས་གོ་སྐབས་བཟང་བོ་ཡོད་པའི་སྐོར་ལ་བཀའ་སློབ་བསྩལ་དོན། ང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པ་དང་གོ་སྐབས་ཡོད་པ་རེད། བྱས་ཙང་གོ་སྐབས་ཡོད་པ་ཆུད་ཟོས་སུ་མ་སོང་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན། བར་སྐབས་སོ་སོའི་རིག་གཞུང་དང་ཤེས་བྱ་ཡོན་ཏན་ཐོག་ཏུ་དོ་སྣང་གསར་བ་སླེབས་ཏེ། ཚང་མས་དོ་སྣང་བྱེད་ཀྱི་ཡོད་པ་དེར་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡིན་ནའང་ཤེས་བྱ་ཡོན་ཏན་གྱི་ཐད་ནས་དེང་དུས་ཤེས་ཡོན་དང་། བོད་རང་ཉིད་ལ་ཡོད་བསྡད་པའི་བཟང་བོའི་ཤེས་ཡོན་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་བསྡད་པ་དེ། ཕྱག་མཆོད་འབུལ་བྱེད་ས་དང་དད་པ་བྱེད་སའི་ཡུལ་རྐྱང་རྐྱང་ལ་མ་བཞག་པར། རང་ཉིད་ཀྱི་ཤེས་རྒྱུད་ལ་ཚང་བ་བྱ་རྒྱུ་དེ་གལ་ཆེན་པོ་རེད། རང་ཉིད་ཀྱི་ཤེས་རྒྱུད་ལ་ཚང་བར་བྱེད་པ་ལ་ཤེས་དགོས་པ་རེད། ཤེས་པའི་དོན་དེ་སོ་སོའི་རྣམ་དཔྱོད་ཀྱིས་ཞིབ་འཇུག་བྱས་ནས་ངེས་པ་རྙེད་པ་ཞིག་བྱས། ངེས་པ་རྙེད་པའི་དོན་དེ་སོ་སོའི་སྒོ་གསུམ་ལ་སྦྱར་ནས་འགྲོ་གི་ཡིན་ན་མི་ཚེ་བཟང་བོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག རང་ཉིད་ཡིན་ནའང་སེམས་སྐྱིད་པོ་དང་ལུས་བདེ་བ། གཡས་གཡོན་གྱི་མི་ཞིག་ཡིན་ནའང་རང་བཞིན་གྱིས་སེམས་ལ་བག་ཕེབས་པ། དངོས་གནས་དྲང་གནས་གཞན་ལ་འཚེ་བ་མི་བྱེད་པའི་ཁོར་ཡུག་ཅིག་ཡོང་རྒྱུར་ང་ཚོར་རྒྱུ་ཆ་ཡོད་པ་རེད། རྒྱུ་ཆ་དེ་ཤེས་པ་བྱས་ཏེ་མི་རིགས་དབྱེ་འབྱེད་དང་རྒྱལ་ཁབ་དབྱེ་འབྱེད་མེད་པར། འཛམ་བུ་གླིང་འདིའི་སྟེང་དུ་མི་གྲངས་དུང་ཕྱིར་ ༦༠ ལྷག་ཡོད་པ་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་ཐོག བོད་ཀྱི་ཆོས་དང་རིག་གཞུང་གིས་ཏན་ཏན་ཞབས་འདེགས་ངེས་ཅན་ཞིག་བསྒྲུབ་ཐུབ་པའི་སྤོབས་པ་ཡོད་པ་རེད། གཞན་ལ་མེད་པའི་ང་ཚོའི་སྤོབས་པ་དེ་སྟོན་རྒྱུར་དང་ཐོག་རང་ཉིད་དེ་ལ་བྱང་ཆུབ་པ་དགོས་པ་དང་། རང་གི་ཤེས་པའི་ཐོག་ནས་མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དགོས་པ་རེད། དེར་བརྟེན་ང་ཚོ་གཞིས་བྱེས་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་སོ་སོའི་ཁྱད་ནོར་ཡོད་བསྡད་པ་དང་གཅེས་ནོར་ཡོད་བསྡད་པ་དེ་ངོས་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

13 thoughts on “བོད་གཞུང་དམངས་ཡོངས་ཀྱིས་བརྟན་བཞུགས་ཕུལ་བ།

  1. འཆམ་ར་དྲི་མེད་རྒྱལ་མཚན།

    ཁོང་གི་མཛད་པ་མཁའ་མཐར་ཁྱབ་པ་འདི་ཡུན་རིང་བརྟན་པར་གྱུར་ཅིག

    ཁ་སང་གཙུག་ལག་ཁང་དུ་མཛད་སྒོ་ཡོད་སོང་བ་དེས།
    ཕྱི་ཚེས་༢༣ ཉིན་ཟློས་གར་ནང་ལ་འཁྲབ་གཏན་ཁེལ་བའི་གཞས་སྣ་དེ་ཕྱི་འགྱང་ཐེབས་འདུག
    དེའི་རྒྱུ་མཚན་ནི།
    ཟློས་གར་གྱི་སྐད་སྒམ་དེ་གཙུག་ལག་ཁང་དུ་ཁྱེར་སོང་བས་རེད་ཟེར།

    གཙུག་ལག་ཁང་ལ་དོན་ལྡན་གྱི་གལ་ཆེན་ཡིན་པར་སྨོས་མེད་རེད།

    ཡིན་ནའང་བོད་གཞུང་དམངས་གཉིས་ལ་ད་རུང་སྐད་སྒམ་གཅིག་གི་འོག་འཚོ་སྡོད་བྱས་ཡོད་པའི་རྣམ་པ་ཞིག་བསྟན་སོང་བ་མ་རེད་དམ་སྙམ