མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས།

རྒྱ་གར་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ང་བདུན་གྱིས་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་ཤིག་བོད་མིའི་རང་དབང་འཐབ་རྩོད་པ་དང་རྩོམ་པ་པོ་དང་བསྟན་འཛིན་བརྩོན་འགྲུས་ལགས་ལ་སྤྲད་ཡོད་འདུག

རྒྱ་གར་རྒྱལ་ཡོངས་ནང་ལོ་རེར་ཐེངས་རེ་སྐོང་ཚོགས་གནང་བཞིན་པ་ལྟར། འདི་ལོའི་མི་སེར་སྤྱི་ཚོགས་ཀྱི་ཚོགས་འདུ་ Civil Society Summit ཞེས་པ་དེ་རྒྱ་གར་རང་བཙན་ཐོབ་སྟེ་ལོ་འཁོར་ ༦༡ འཁོར་བའི་དུས་དྲན་དང་སྟབས་བསྟུན་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ ༥༧ མཉམ་རུབ་ཀྱིས་ཉིན་གསུམ་རིང་རྒྱ་གར་གྱི་གྲོང་ཁྱེར་བྷང་ལོར་རུ་སྐོང་འཚོགས་གནང་ཡོད་པ་རེད།  ཚོགས་འདུའི་སྟེང་གཞུང་འབྲེལ་མིན་པའི་ཚོགས་པ་ ༥༧ གྱིས་སྤྱི་ཚོགས་ནང་དང་བླངས་ཀྱི་ཞབས་ཞུ་བསྒྲུབ་མཁན་མི་སྣ་དེ་དག་ལ་འཕྲད་པའི་དཀའ་ངལ་དང་དེ་ལ་གདོང་ལེན་བྱེད་ཕྱོགས། ཁྲིམས་ལུགས་ཐོག་ཇི་ལྟར་ལག་ལེན་བྱེད་བཞིན་པའི་གནས་སྟངས། ཉེན་རྟོག་པའི་འཛིན་བཟུང་གི་གནས་སྟངས་གང་འདྲ་ཡིན་མིན། དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བར་གྱི་འབྲེལ་བ་གང་འདྲ་བྱས་ཏེ་ཉར་དགོས་མིན། མི་མང་ལ་གནས་ཚུལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་ཚུལ། ལྷག་པར་དུ་མི་མང་ཉམ་ཐག་གྱི་རིགས་ལ་ཞབས་ཞུ་བསྒྲུབ་བཞིན་པའི་ཚོགས་པའི་ལས་རིམ་སོགས་ཀྱི་ཐད་སྐོང་འཚོགས་གནང་བ་ཞིག་ཡིན་འདུག་ལ། དེའི་སྟེང་ད་ལྟའི་བར་མི་སྒེར་གྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་པ་དང་རང་དབང་འཐབ་རྩོད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་མི་སྣ་བརྒྱད་ལ་ lifetime achievement award ཞེས་པའི་མི་ཚེའི་བྱས་རྗེས་གཟེངས་རྟགས་ཕུལ་ཡོད་པ་དང་། བོད་མིའི་རང་དབང་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་དམིགས་བསལ་མི་ཚེ་བྱས་རྗེས་ཀྱི་གཟེངས་རྟགས་ཕུལ་ཡོད་པ་རེད། 

ཐེངས་འདིའི་མི་ཚེའི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་བསྟན་འཛིན་བརྩོན་འགྲུས་ལགས་སུ་འདི་གའི་གསར་གསར་འགོད་པས་ཁ་པར་བརྒྱུད་བཅར་འདྲི་བྱས་པར། ཁོང་གིས། ཐེངས་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་གཞོན་སྐྱེས་ཁྲོད་མི་སྒེར་གྱི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་ཕྱག་ལས་གནང་མཁན་གྱི་མི་སྣ་བརྒྱད་ལ་བྱ་དགའ་སྤྲད་སོང་ལ། ང་རང་ལ་ཡང་བོད་པའི་ཞི་བའི་འཐབ་རྩོད་ཁྲོད་མཉམ་ཞུགས་བྱས་ཏེ་མི་ལོ་ ༡༦ ལྷག་འགོར་ཡོད་པ་དེར་ངོས་འཛིན་གྱི་ཚུལ་དུ་དམིགས་བསལ་གྱི་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་ཏེ་གནང་བྱུང། ང་ལ་མཚོན་ན་བོད་པ་ཞིག་ཡིན་པའི་ཆ་ནས་རང་དབང་འཐབ་རྩོད་བྱ་རྒྱུ་དེ་ང་རང་སྒེར་གྱི་ལས་འགན་ཨང་དང་པོ་ཆགས་ཡོད་པ་དང་། རྒྱ་གར་ལ་མཚོན་ན་སྔོན་མ་ནས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་སྟབས། རང་དབང་འཐབ་རྩོད་ཀྱི་བྱ་བ་འདི་གལ་ཆེན་པོ་ཞིག་ཏུ་བརྩི་གིན་ཡོད་པ་རེད། ཐེངས་འདིར་ང་རང་བོད་པ་ཞིག་ཡིན་ཡང་རྒྱ་གར་སྤྱི་ཚོགས་ཀྱིས་ང་ལ་ངོས་འཛིན་འདི་འདྲ་ཞིག་གནང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཅེས་བརྗོད་བྱུང།  

ཐེངས་འདིའི་མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས་དེ་ནི། རྒྱ་གར་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ Sangama  དང་ openspace ཞེས་པའི་ཚོགས་པ་གཙོས་པའི་ཚོགས་པ་ཁག་ ༥༧ གྱིས་རྒྱ་གར་ལ་རང་བཙན་ཐོབ་ཡོད་ཀྱང་། ད་ལྟའི་ཆར་ཡང་རྒྱ་གར་སྤྱི་ཚོགས་ཁྲོད་ཀྱི་མི་མང་དཀྱུས་མར་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་རང་དབང་མེད་པ་དེ་དག་ལ་འཐབ་རྩོད་བྱེད་མཁན་གྱི་མི་སྒེར་ལ་རྒྱབ་སྐྱོར་གྱི་ཚུལ་དུ་སྤྲད་པའི་གཟེངས་རྟགས་ཤིག་ཡིན་པ་དང་། སོན་ཆད་རྒྱ་གར་དབྱིན་ཇིའི་འོག་ཏུ་ཡོད་པའི་སྐབས་སུ་འཐབ་རྩོད་བྱེད་མཁན་དེ་དག་རང་བཙན་འཐབ་རྩོད་པ་ཡིན་པ་དང་། ད་ལྟའི་རྒྱ་གར་གཞུང་ལ་འཐབ་རྩོད་བྱེད་མཁན་དེ་དག་རང་དབང་འཐབ་རྩོད་པ་ཡིན་པའི་ངོས་འཛིན་ཐོག་སྤྲད་པ་ཞིག་ཡིན་འདུག  ཐེངས་འདིར་བོད་མི་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལས་གཞན། མཱ་ནེ་པུར་ནང་གི་དམག་མིས་མི་སེར་ལ་ཁྲིམས་འགལ་གྱི་དཀའ་ངལ་སྤྲོད་བཞིན་པའི་ཐད་ཟས་བཅད་ངོ་རྒོལ་བྱས་ཏེ་ལོ་ ༦ འགྲོ་བཞིན་པའི་ལྕམ་ཨེ་རོམ་ཞར་མེ་ནཱ་དང་། རྒྱ་གར་གྱི་མངའ་སྡེ་ཆཱ་ཏི་སུ་གྷར་ཞེས་པའི་ནང་གི་ཤིང་ནགས་དཀྱིལ་དུ་བསྡད་པའི་མི་མང་པོ་ཞིག་ལ་གཞུང་ཕྱོགས་ནས་གནས་དབྱུང་བཏང་བའི་དཀའ་ངལ་སྤྲོད་བཞིན་པའི་ཐད་ངོ་རྒོལ་བྱེད་མཁན་ Himanshu ཧེ་མན་ཞོའུ་ཀོའུ་མན་བཅས་མི་ཚེ་ལ་རང་དབང་འཐབ་རྩོད་ཀྱི་ལས་ལ་འབད་ཀྱིན་པའི་མི་སྣ་བརྒྱད་ལ་གཟེངས་རྟགས་སྤྲད་ཡོད་པ་རེད།
 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

16 thoughts on “མི་ཚེའི་བྱས་རྗེས་ཀྱི་གཟེངས་རྟགས།

  1. གཅན་དཔལ་ལྡན།

    བསྟན་འཛིན་བརྩོན་འགྲུས་ལ་བཀྲ་ཤིས་བདེ་ལེགས་ཡོད། མི་ཚེའི་བྱས་འབྲས་གཟེངས་རྟགས་དེ་ཁོང་ལ་ཐོབ་པར་དགའ་བོ་བྱུང་། ངས་བསམ་པར་གཞིས་ཆགས་པའི་ནང་ད་དུང་ཡང་ཕྱི་ལ་བཏོན་མ་ཐུབ་པའི་ཤེས་ཡོན་ཅན་མང་པོ་ཞིག་ཡོད་ཀྱི་རེད་བསམ་གྱི་འདུག

  2. དང་བོར་བསྟན་འཛིན་བརྩོན་འགྲུས་ལགས་ལ་རྟེན་འབྲེལ་ཞུ། དེ་ནས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང་།

    རེབས་འདིའི་གསར་འགོད་པ་ལགས། ལེགས་བྱང་ལེགས་བྱང་ཞེས་པ་འདི་དོན་གྱིས་ཅི་ཞིག་ལ་གོ་དགོས། རང་རེའི་ཐ་སྙད་རིག་པའི་བང་མཛོད་དུ་ལེགས་བྱང་ཞེས་པ་མེད་པར་སྣང་། འདི་ནི་གངས་ཅན་སྐྱིད་གཤོངས་ཀྱི་སྐུ་ངོ་ཁ་ཤས་ཀྱིས་ནམ་རྒྱུན་བཤད་ཁུལ་བྱེད་ཀྱིན་ཡོད་མ་གཏོགས། དངོས་སུ་རང་རེའི་བསྟན་བཅོས་ཀྱི་ཐ་སྙད་ཅིག་མིན་པ་ནི་གསལ་བོ་ཡིན། འདིའི་རིགས་འགོད་སྐབས་རྣམ་དཔྱོད་ལྡན་པ་ཞིག་གི་ངང་ནས་གཏན་ལ་དབབ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་།

  3. ཨ་ཁུ་སྟོན་པ།

    བསྟན་འཛིན་བརྩོན་འགྲུས་ལགས་སུ་དགའ་སུ་ཡོད།། རང་བཙན་གྱི་བལྟ་དེ་འགྱུར་བ་མེད་པ་མུ་ཐུད་དེ་གནས་པར་ཤོག།།