སློབ་གྲྭའི་འགན་འཛིན་གྱི་ཟབ་སྦྱོང་།

བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་འགན་འཛིན་གཙོས་པའི་དགེ་རྒན་རྣམས་ཀྱིས་སློབ་མ་དབང་བོ་སྐྱོན་ཅན་དང་རིག་སྟོབས་ཞན་པའི་སློབ་མར་སློབ་མ་གཞན་དང་གཅིག་མཚུངས་ཀྱི་སློབ་ཁྲིད་གནང་དགོས་ཟེར།
ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་འགོ་འཛུགས་ཀྱི་ཉིན་གསུམ་རིང་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་གར་བྱང་ཕྱོགས་ཁུལ་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དགེ་ཆོས་བཅས་མི་སྣ་ ༢༡ ལྷག་ལ་དབྱིན་ཡུལ་ནས་ཕེབས་པའི་སློབ་གསོ་ཆེད་ལས་པ་ལྕམ་ནེ་ཁོ་ལ་ཊིན་སུ་ལེ་ Nicola Tansley ལགས་གདན་ཞུའི་ཐོག་དམིགས་བསལ་ཤེས་ཡོན་དང་འབྲེལ་བའི་ཟབ་སྦྱོང་ཐོག་མ་དེ་དབུ་འཛུགས་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ཐོག་བཞུགས་སྒར་གཡས་གཡོན་དུ་ཡོད་པའི་སློབ་གྲྭ་ཁག་གི་འགན་འཛིན་དང་མཱ་སུ་རི་སློབ་གྲྭ། སམ་བྷོ་ཊའི་སློབ་གྲྭ་ཁག ཤེས་རབ་དགའ་ཚལ་སློབ་གླིང་བཅས་མཉམ་ཞུགས་གནང་སྟེ། ནུབ་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ་དབང་བོ་སྐྱོན་ཅན་དང་རིག་སྟོབས་ཞན་པའི་སློབ་མར་སློབ་མ་གཞན་དང་གཅིག་མཚུངས་ཀྱི་སློབ་སྦྱོང་གི་གོ་སྐབས་རག་གིན་ཡོད་པ་ལྟར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུའང་འགན་འཛིན་གཙོས་པའི་དགེ་རྒན་རྣམས་ཀྱིས་སློབ་མ་དེའི་རིགས་ལ་སློབ་མ་གཞན་དང་གཅིག་མཚུངས་ཀྱི་སློབ་ཁྲིད་གནང་རྒྱུ་དང་། སློབ་སྦྱོང་གི་ཐབས་ལམ་དང་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་སོགས་ཀྱི་སྐོར་ལ་ཟབ་སྦྱོང་སྦྲོད་ཀྱིན་ཡོད་འདུག་ལ། ཉིན་གསུམ་རིང་གི་ཟབ་སྦྱོང་སྐབས་དྲི་བ་དྲིས་ལན་དང་བགྲོ་གླེང་གོ་བསྡུར་གནང་ཡོད་པ་རེད།

ཉམས་ཞིབ་ཤེས་ཡོན་ཞེས་པ་འདི་ནི་དབང་བོ་སྐྱོན་ཅན་ཁོ་ན་མིན་པའི་སློབ་མའི་རིག་སྟོབས་དྲག་ཞན་མ་དབྱེ་བར་གཅིག་མཚུངས་ཀྱི་སློབ་སྦྱོང་སྤྲོད་སྟངས་ཤིག་ཡིན་འདུག་ལ། ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་དང་བོད་མིའི་ཤེས་ཡོན་སྲིད་བྱུས་ནང་གསལ་ཡོད་པ་ཞིག་ཡིན་འདུག མ་འོངས་པར་སློབ་གྲྭ་ཁག་ཡོངས་སུ་ཉམས་ཞིབ་ཤེས་ཡོན་སྐོར་གྱི་སློབ་ཁྲིད་ཀྱི་ཐབས་ལམ་སྤྱོད་རྒྱུ་དང་ལག་བསྟར་བྱ་ཆེད་དུ་སྐོང་འཚོགས་གནང་བ་ཞིག་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “སློབ་གྲྭའི་འགན་འཛིན་གྱི་ཟབ་སྦྱོང་།

  1. བླུན་རྟགས་མ་སྟོན་རིག་སྟོབས་དྲག་ཞན་མ་དབྱེ་བར་གཅིག་མཚུངས་ཀྱི་སློབ་སྦྱོང་སྤྱད་ན་ཡར་རྒྱས་ཡོང་ཐབས་ཁྱོན་ནས་ཡོད་པ་མ་རེད།