ད་ལོ་ཡང་རྔ་པ་ས་ཁུལ་གྱི་བོད་རིགས་ཚོས་ལོ་གསར་ལ་དགའ་སྟོན་རོལ་རྒྱུ་མིན་པའི་གནས་ཚུལ་ཞིག་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་འདི་གར་འབྱོར་ཞིང་། ཉིན་ཤས་རིང་གནས་ཚུལ་དེའི་སྐོར་ལ་བསྐྱར་དུ་རྒྱུས་ལོན་དང་རྩད་ཞིབ་བྱས་པ་ལྟར་ན། དེང་སྐབས་རྔ་པའི་རོང་འབྲོག་གི་ས་ཁུལ་མང་པོ་ཞིག་གིས་ལོ་སྔོན་མ་ལྟར་ལོ་གསར་དགའ་སྟོན་ལ་རོལ་རྒྱུ་མིན་པ་དེ་དངོས་བདེན་ཡིན་ཞིང་། ཉིན་ཤས་གོང་ནས་རྔ་པ་རྫོང་འབྲེལ་ཡོད་ལས་བྱེད་མང་པོ་ཞིག་བློན་ཚང་ཞང་དང། རྨེའུ་རུ་མ་ཞང་། ཁྲིམས་རྒན་ཞང་སོགས་སུ་ཕྱིན་ཏེ་མགོ་ཁྲིད་རྣམ་པ་བསྡུ་སྐོང་གིས་ཚོགས་འདུ་རབས་དང་རིམ་པ་ཚོགས་ཏེ། མང་ཚོགས་རྣམས་ལ་ལོ་གསར་གྱི་དགའ་སྟོན་ལ་རོལ་དགོས་པ་དང༌། དེ་ལྟར་བྱས་ན་ལོ་གསར་གྱི་འགྲོ་སོང་ཡང་རྒྱལ་ཁབ་གཞུང་གིས་གཏོང་རྒྱུ་ཡིན་ཚུལ་སོགས་བཤད་འདུག་མོད། ད་སྔ་མང་ཚོགས་སུ་གང་ལའང་དངུལ་དངོས་སྤྲད་ཟིན་པའི་གནས་ཚུལ་མི་འདུག ད་ལོའི་ལོ་གསར་ལ་དགའ་སྐྱིད་མི་གཏོང་བའི་རྒྱུ་མཚན་ག་རེ་ཡིན་མིན་དྲིས་པར་དེ་ནི་ཉེ་ཆར་ཟླ་ ༡༠ ཚེས་ ༢༠ ཉིན་ལྷ་ས་ནས་བློ་བཟང་རྒྱལ་མཚན་སོགས་སྲོག་ཐོག་བཏང་བར་མྱ་ངན་བྱས་པ་ཡིན་སྐོར་གསུངས་སོང་། དེ་བཞིན། ཕྱི་ལོ་ ༢༠༠༩ ལོར་རྔ་པའི་དགོན་པ་ཁག་གི་འདུ་ཁང་དང་གྲྭ་ཤག་ཁག གྲོང་པ་གྲོང་ཚོའི་གྲོང་ཁང་ཚང་མར་ས་རྩི་མ་བྱུགས་པ་སོགས་ཀྱིས་བོད་ཀྱི་ཐུན་མིན་གོམས་སྲོལ་ལྟར་མྱ་ངན་བྱས་ཡོད་འདུག་ཅིང་། གཞན། རྔ་པ་རྫོང་ཐོག་གི་ཁྲོམ་ལམ་སོགས་སུ་དམག་མིས་དྲག་ཆས་མང་པོ་རླངས་འཁོར་ཐོག་ཁྱེར་ཏེ་མང་ཚོགས་ལ་འཇིགས་རྔམ་སྟོན་བཞིན་འདུག ཅེས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་གནས་ཚུལ་མཁོ་གཏོང་བྱས།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།