བུ་མོ་ལོ་ ༡༨ ཅན་ཞིག་ལ་བཙན་གཡེམ་བྱས་འདུག

ཕྱི་ཚེས་ ༡༣ ཉིན་ནམ། བོད་ལྕགས་སྟག་ལོའི་གནམ་གང་གི་ཉིན་དེར་བོད་རིགས་བུ་མོ་ཞིག་གིས་རྒྱ་གར་ཉེན་རྟོག་པར། ཁོ་མོར་བོད་རིགས་གཞོན་སྐྱེས་གཉིས་ཀྱིས་བཙན་གཡེམ་བྱས་སྐོར་ཞུ་གཏུགས་བྱས་སྟབས། མིང་ལ་བསྟན་འཛིན་དང་ཡོན་ཏན་འབོད་པ་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་སུ་གནས་ཚུལ་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། དོན་རྐྱེན་དེ་ནི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར་བྱུང་བ་དང་བོད་རིགས་བུ་མོ་དེས་ཉིན་དེའི་ཕྱི་ཉིན་དེར་ཉེན་རྟོག་པར་ཞུ་གཏུགས་བྱས་འདུག བུ་མོ་དེ་ངྷ་ས་ཁོར་ཡུག་ནང་ལས་ཀ་བྱེད་མཁན་གྱི་ཨ་མ་ལགས་ཅིག་ཡོད་པ་དེའི་བུ་མོ་ཡིན་པ་དང་ཁོ་མོས་དེ་སྔོན་ངྷ་སྟེང་བོད་ཁྱིམ་ནས་སློབ་གཉེར་གནང་མྱོང་ཡོད་ནའང་། དེང་སྐབས་སློབ་གྲྭར་འགྲོ་མཚམས་བཞག་ཡོད་འདུག་ཅེས་ཟེར།

ཡང་ཁོང་གིས། བུ་མོ་དེས་ཞུ་གཏུགས་བྱས་པ་ལྟར་ན། རང་ལོ་ ༣༠ ཡས་མས་དང་མིང་ལ་བསྟན་འཛིན་འབོད་པའི་བོད་རིགས་ཤིག་གསེར་བཟོ་སྐལ་བཟང་གི་མགྲོན་ཁང་དུ་བསྡད་ཡོད་པ་དང་། ཁོང་གཉིས་ཕན་ཚུན་ངོ་ཤེས་ཀྱི་ཡོད་སྟབས་དགོང་མོ་དེར་བསྟན་འཛིན་གྱིས་ཁོ་ལ་མགྲོན་པོ་ཞིག་ཡོང་གི་ཡོད་པས་སྦི་རག་ཉོ་བར་འགྲོ་ཟེར་ནས་བུ་མོ་ཉི་མ་ལྷ་མོ་རོགས་པར་ཁྲིད་འདུག་ལ། མེག་ལོར་ནས་ཁོང་གཉིས་ excite ཞབས་བྲོ་ཁང་དུ་ཕྱིན་ཏེ་བུ་མོ་དེར་སྦི་རག་བླུད་འདུག དེའི་རྗེས་བུ་མོ་དེ་ར་ཅུང་ཙམ་བཟི་རྗེས་མགྲོན་ཁང་དུ་ཁྲིད་པ་དང་། སྐབས་དེར་བསྟན་འཛིན་གྱི་རོགས་པ་ཡོན་ཏན་ཟེར་བ་དེ་ཡང་ཁོང་གཉིས་མཉམ་དུ་ཡོད་འདུག

ཡིན་ནའང་། བུ་མོ་དེས་ཕྱི་ཚེས་ ༡༣ ཉིན་ཉེན་རྟོག་པར་ཞུ་གཏུགས་སྐབས་ཁོ་མོར་ཕོ་གསར་དེ་གཉིས་ཀྱིས་བཙན་གཡེམ་བྱས་སྐོར་ཙམ་ལས། ཁོ་མོ་ཡང་ར་བཟི་བའི་རྐྱེན་གྱིས་དགོང་མོ་དེའི་ཞིབ་ཕྲའི་གནས་ཚུལ་དྲན་སོས་གི་མེད་ཚུལ་བརྗོད་ཡོད་འདུག གང་ལྟར་ཕྱི་ཉིན་དེར་བུ་མོ་དེས་ཉེན་རྟོག་པར་ཕོ་གསར་དེ་གཉིས་ཀྱིས་དགོང་མོ་དེར་ཁོ་མོར་བཙན་གཡེམ་བྱས་སྐོར་ཞུ་གཏུགས་བྱས་སྟབས། ཉིན་དེའི་ཉིན་རྒྱབ་ཉེན་རྟོག་པས་ཕོ་གསར་དེ་གཉིས་འཛིན་བཟུང་བྱས་པ་མ་ཟད། ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་ཤིག་ཏུ་ཉེན་རྟོག་པས་བུ་མོ་དེ་རྒྱ་གར་གཞུང་གི་སྨན་ཁང་ Zonal Hospital ཟེར་བའི་ནང་བརྟག་དཔྱད་བྱེད་དུ་ཁྲིད་འདུག་ནའང་། སྨན་པས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཅི་བྱུང་ད་དུང་ཤེས་རྟོགས་བྱུང་མེད། འོན་ཀྱང་། བུ་མོ་དེས་གྱོན་ཡོད་པའི་རྐང་སྣུམ་ Jeans  ཞིག་ཡོད་པ་དེའི་སྟེང་ཁྲག་འགོས་ཡོད་སྟབས་ངྷ་ཤོད་ནས་ཁོ་མོར་རྐང་སྣུམ་གཞན་པ་ཞིག་ཉོས་ཏེ། རྐང་སྣུམ་དེ་ཉེན་རྟོག་པས་ཉར་ཚགས་བྱས་ཡོད་འདུག  གང་ལྟར་ཉིན་དེའི་དགོང་མོའི་ཆུ་ཚོད་ ༩ ཙམ་ལ་བུ་མོ་དེ་ཕྱིར་རང་གི་ཕ་མར་རྩིས་སྤྲོད་བྱས་འདུག

དེ་མིན་བསྟན་འཛིན་ཟེར་བ་དེ་མགྲོན་ཁང་དུ་བསྡད་ཡོད་པ་དང་ཡོན་ཏན་ཟེར་དེ་ནམ་རྒྱུན་ངྷ་སར་སྡོད་མཁན་ཞིག་ཡིན་ནའང་། ཁོང་གཉིས་ཀྱིས་ཉེན་རྟོག་པར་སྐྱབས་བཅོལ་ལག་ཁྱེར་སོགས་གང་ཡང་མ་བསྟན་པར་རང་ཉིད་ཀྱི་ལོ་རྒྱུས་སོགས་ཨུ་ཚུགས་ཀྱིས་གསང་བ་བྱས་འདུག་སྟབས། ཁོང་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཅིང་ད་ལྟ་ཁོང་གཉིས་བཙོན་ཁང་དུ་ཡོད་པ་དང་། སང་ཉིན་ཁྲིམས་ར་འཚོགས་རྒྱུ་ཡིན་འདུག་ཅེས་གསུངས་ཡོད། 

དེ་མིན་ཟླ་སྔོན་མའི་ནང་དུ་ངྷ་སའི་བོད་རིགས་གཞོན་སྐྱེས་ཚེ་རིང་ནོར་བུ་དང་ཚེ་དབང་ཟེར་བ་གཉིས་ཀྱིས་འཇར་མན་གྱི་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། འདི་ནི་ཕྱི་ལོ་ ༡༠༡༠ ལོའི་ལོ་མགོ་འདིར་ངྷ་སར་བྱུང་བའི་བཙན་གཡེམ་གྱོད་དོན་གཉིས་པ་དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

51 thoughts on “བུ་མོ་ལོ་ ༡༨ ཅན་ཞིག་ལ་བཙན་གཡེམ་བྱས་འདུག