སྤྱི་འཐུས་ཇེ་མང་དུ་གཏོང་རྒྱུ།

སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ཚོགས་རྒྱུན་ཧྲིལ་བོར་དགོངས་པ་ཞུས་ཏེ། ཚོགས་བཅར་གནང་མེད་མཁན་གྱི་སྤྱི་འཐུས་ ༦ ཙམ་བྱུང་ཡོད་ལ། ཁོང་ཅག་ནི་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ། སྤྱི་འཐུས་དབུ་བཀར་ཚང་གཡུ་སྒྲོན། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་ཨཱ་ཙཱརྱ་ཡེ་ཤེས་ཕུན་ཚོགས། སྤྱི་འཐུས་བསྟན་འཛིན་མཁས་གྲུབ་བཅས་རེད། དེ་བཞིན། ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ཡང་ཐོངས་ཆེན་ལག་འཁྱེར་གྱི་དཀའ་ངལ་ཞིག་གི་དབང་གིས་རྒྱ་གར་ལྡི་ལིར་འབྱོར་མ་ཐག་ཕྱིར་ཨ་རིར་ལོག་དགོས་བྱུང་སྟེ་ཐེངས་འདིའི་གྲོས་ཚོགས་སུ་བཅར་ཐུབ་མེད།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཡིན་ཞིང་། དུས་ནས་དུས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ལས་ཁུངས་ཁག་གི་སྒྲིག་གཞི་བསྐྱར་བཅོས་དང་སྣོན་བྲི་སྤོར་འཇོག་གི་མཛད་འགན་ཡོད་སྟབས། ཐེངས་འདིར་ཡང་སྔོན་རྩིས་ཀྱི་ཞོར་དུ་བཙན་བྱོལ་བོད་མིའི་བཅའ་སྒྲིག་གི་དོན་ཚན་མང་པོ་ཞིག་ལ་ལེགས་བཅོས་དང་གསར་སྣོན་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༢ ཉིན་གྱི་གྲོས་ཚོགས་ལས་རིམ་ནང་། སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱིས་འོས་བསྡུ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བཅས་བཏོན་འདུག

 

གོང་གི་བཅའ་ཁྲིམས་བསྐྱར་བཅོས་དང་སྒྲིག་གཞི་བསྐྱར་བཅོས་འདི་གཉིས་ཀྱི་དམིགས་ཡུལ་གཙོ་བོ་སྤྱི་འཐུས་ཀྱི་གྲངས་འབོར་ཇེ་མང་ལ་གཏོང་རྒྱུ་དེ་ཡིན་ཞིང་། སྔར་༧གོང་ས་མཆོག་གི་ཐད་བསྐོས་སྤྱི་འཐུས་མེད་པ་ཡིན་ན། ཆོལ་ཁ་རེ་ལས་སྤྱི་འཐུས་བཅུ་རེ་དང་། ཆོས་རྒྱུད་རེ་ལ་སྤྱི་འཐུས་གཉིས་རེ། ཨ་རི་དང་ཁེ་ན་ཊ་ཁུལ་དུ་སྤྱི་འཐུས་གཅིག ཡུ་རོབ་ཁུལ་དུ་སྤྱི་འཐུས་གཉིས་བཅས་ཁྱོན་བསྡོམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲངས་འབོར་ ༤༣ ཡིན་ན་ཡང་། ཐེངས་འདིར་བཅའ་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་བརྒྱུད་དེ། ཨ་རི་དང་ཁེ་ན་ཊ་ཁུལ་དུ་སྤྱི་འཐུས་གཉིས་དང་། རྒྱ་བལ་འབྲུག་གསུམ་དང་ཡུ་རོབ་ཁུལ། དེ་བཞིན་ཨ་རི་དང་ཁེ་ན་ཊ་སོགས་ཕུད་པའི་རྒྱལ་ཁབ་གཞན་དག་ནང་སྤྱི་འཐུས་གཅིག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲངས་འབོར་དེ་ ༤༥ ལ་སྤར་ཆ་གཏོང་རྒྱུ་དེ་ཡིན་ཡང་། ཕྱི་ཚེས་ ༡༢ ཉིན་གྲོས་ཚོགས་འཐུས་མི་རྣམ་པས་བགྲོ་གླེང་གོ་བསྡུར་མང་པོ་གནང་སྟེ། ད་སྔ་ཐག་གཅོད་བྱུང་མེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

38 thoughts on “སྤྱི་འཐུས་ཇེ་མང་དུ་གཏོང་རྒྱུ།

  1. རྒྱ་རྡེའུའི་དགེ་འདུན།

    གྲྭ་རྒོད་ལ
    ཁྱེད་ཀྱིས་བཤད་པའི་གནས་ལུགས་འདི་སེམས་ནལ་དུ་གནས་པ་སུ་ཡིན་ཡང་མཁྱེན་ངེས་རེད
    འོན་ཀྱང་་་་གནས་ལུགས་འདི་འདྲ་ཞིག་གི་འོག་ནས་རང་ཉིད་ལ་ཡིད་ཐང་ཆད་དེ་འབྱུང་འགྱུར་གྱི་སྤྱི་འཐུས་བཀོད་ཐུབ་པ་ཙམ་གྱི་ཡིད་འཚུམས་དེ་བསྡོད་རྒྱུ་ཡིན་ནམ
    ཧམ་པ་རི་འདྲ་ཞིག་བསྐྱེད་ན་་་་་འབྲས་བུ་གཡག་འདྲ་ཞིག་ཐོབ་ཟེར་བ་གོ་ཨེ་ཡོད།

  2. ཁྱེད་ཅག་ལྟ་བའི་སྤྱི་མཐུས་རེ་བྱུང་བ་ཡིན་ན་ད་ལྟས་སྤྱི་ཚོགས་དང་མི་མཐུན་པའི་ཐབས་ཆག་གི་སྤྱི་ཚོགས་ཞིག་ཏུ་འགྱུར་བ་གདོན་མི་ཟ།ཁྱེད་རྣམས་ཀྱི་སེམས་ལ་གང་འདྲ་ཞིག་དྲན་གི་ཡོད་ན།སྤྱི་ཚོགས་བསྐྲུན་རྒྱུ་ནི་ལས་སླ་བོ་ཞིག་གཏན་མིན་པ་ཤེས་ཐུབ་བྱེད་རོགས།སྤྱི་ཚོགས་ནང་ལས་དོན་བྱེད་སྐབས་སུ་རང་ཉིད་ལ་ལྷག་བསམ་དང་སེམས་ཤུགས་ཇི་ལྟར་ཡོད་ཀྱང་རང་གི་བསམ་ཚུལ་ལྟར་འགྲོ་ཐུབ་དཀའ།